R26: བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ།

  • Pagination (Witness A): ༣༣༦
[A:༣༣༦]སྟོང་འབྱིན་པ། །སྐྱེ་དགུའི་སྒྲོན་མ་དེ་ནི་ནུབ་གྱུར་པས། །འདིར་ནི་ས་སྟེངས་ཅིག་ཅར་མུན་པར་གྱུར། །ཀྱེ་མ་ཀྱེ་ཧུད་ཟླ་བ་ཉ་འདྲའི་ཞལ། །གསུང་རབ་བདུད་རྩིའི་བསིལ་ཟེར་འབྱིན་པ་པོ། །ཨུཏྤལ་འདབ་འདྲའི་སྤྱན་གྱིས་མཛེས་བྱས་པ། །སླན་ཆད་སྐྱེ་བོས་མཐོང་བར་ཡོངས་མི་འགྱུར། །དེ་ལྟར་བདག་ཉིད་ཆེན་པོ་ཞི་བར་གཤེགས་པའི་སྐུ་ལ། མཆོད་པའི་ཚོགས་དཔག་ཏུ་མེད་པ་འབུལ་ཞིང་གསོལ་བ་གདབ་སྙམ་པ་ལ། བདག་གི་རྨི་ལམ་དུ་བླ་མ་དམ་པ་བྱོན་ནས་ངའི་ཕུང་པོ་དེ་དེ་ཙམ་དུ་བཞག་ནས་ཅི་བྱེད། ད་མེ་ལ་སྲེགས་གསུང་པའི་སྣང་བ་བྱུང་ནས། སྤོས་ཀྱི་ཕུང་པོ་ཆེན་པོ་བསོགས་ཏེ། ཞི་བར་གཤེགས་ནས་ཞག་བདུན་ཅུ་ལོན་པའི་ཚེ། ཨ་ཀ་རུ་ནག་པོ་དང་ཙནྡན་དཀར་དམར་ལ་སོགས་པ། གཞན་ཡང་སྤོས་ཀྱི་ཤིང་གྱ་ནོམ་པའི་མེའི་ཕུང་པོ་ཆེན་པོ་ལ་གདན་དྲངས་པ་ན། དེའི་སྐུ་ལ་མེས་རེག་མ་ནུས་པར་གྱུར་ཏོ། །དེ་ཡི་སྐུ་ནི་གཟི་བརྗིད་ཆེ་བ་ཡིས། །མེ་ཡི་ཚོགས་ནི་ཉེ་བར་མ་ནུས་པའམ། །ཡང་ན་དེ་ཉིད་ཞི་བར་གཤེགས་མཐོང་ནས། །མེ་ཚོགས་དེ་དག་མྱ་ངན་བྱེད་པ་བཞིན། །དེ་ནས་ཉེ་གནས་ཞང་བཙུན་ལ་སོགས་པ་ཡ་མཚན་དུ་གྱུར་ཏེ། འདིའི་སྐུ་ལ་མེ་མི་འབར་ན་ད་ཇི་ལྟར་བྱ་ཞེས་ཟེར་ཞིང་རྟབ་རྟབ་པོར་གྱུར་ཏོ། །དེའི་ཚེ་ཞང་བཙུན་ན་རེ། བླ་མ་ཡེ་ཁྱེད་མོས་གུས་ཆེ་བ་ཡིན་གྱིས་གསོལ་བ་ཐོབ་དང་གསུངས་ནས། ཁོ་བོས་བླ་མ་བརྒྱུད་པ་དང་བཅས་པ་རྣམས་ལ་གུས་པས་རྩེ་གཅིག་ཏུ་གསོལ་བ་བཏབ་པའི་ཚེ། མེ་ཏོག་ཕུལ་མ་ཐག་ཏུ་སྤོས་ཀྱི་ཤིང་དེ་དག་ལས་མེ་ལྕེ་རབ་ཏུ་འབར་བ་དང་བཅས་པའི་ཚོགས་དྲི་ཞིམ་པོ་དང་བཅས་པས་མཆོད་པ་བྱས་པར་གྱུར་ཏོ། །དེའི་ཚེ་འདུས་པ་ཐམས་ཅད་ཀྱང་ཤིན་ཏུ་ངོ་མཚར་བར་གྱུར་ཏོ། །དེ་ཚེ་མེ་ནི་པདྨ་རྒྱས་འདྲའི་སྟེང༌། །འཕགས་པའི་སྐུ་ནི་གསལ་བར་བཞུགས་མཐོང་ནས། །དེ་དག་ངོ་མཚར་གྱུར་ཅིང་མྱ་ངན་གྱིས། །མིག་ནི་མཆི་མས་ཀུན་དུ་གང་བར་གྱུར། །དེ་ནས་རིམ་གྱིས་མཁའ་འགྲོ་མ་རྡོ་རྗེ་གུར་ནས་ཇི་ལྟར་འབྱུང་བ་བཞིན་དུ་གདུང་གི་ཕྲེང་བ་