R26: བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ།

  • Pagination (Witness A): ༢༩༤
[A:༢༩༤]བཞེས་པའི་དུས་ཉིད་ནས་ཆོས་སྨྲ་བ་ཆེན་པོར་གྱུར་ཏོ། །འདིས་ཀྱང་བསྟན་པའི་བྱ་བ་ཇི་ལྟར་མཛད་པ་དང༌། ཐུན་མོང་མ་ཡིན་པའི་ཡོན་ཏན་དུ་མས་ཇི་ལྟར་འབྱོར་པ་ལ་སོགས་པ་ཡང་ཆོས་ཀྱི་རྗེས་མཛད་པའི་རྣམ་པར་ཐར་པ་ལས་རྒྱས་པར་འབྱུང་བས་འདིར་མ་བྲིས་སོ། །དེའི་གཅུང་གི་སྲས་ནི་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཞེས་སྙན་པའི་གྲགས་པས་ས་གསུམ་དུ་ཁྱབ་པ། དལ་འབྱོར་གྱི་ཡོན་ཏན་བདུན་གྱིས་ཡང་དག་པར་འབྱོར་ཞིང༌། རིག་པའི་གནས་ལྔ་དང་རང་བཞིན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། ཕྱི་ནང་གི་རྟེན་འབྲེལ་ལ་མ་རྨོངས་པ། མངོན་པར་ཤེས་པས་མངོན་པར་རྩེན་ཞིང་སེམས་ཅན་གྱི་དོན་ལ་ཐོགས་པ་མེད་པའི་རྫུ་འཕྲུལ་དང་ལྡན་པ་སྟེ། འདིའི་རྣམ་པར་ཐར་པ་སྐྱེས་བུ་དམ་པ་རྣམས་ཀྱིས་རྒྱས་པར་མཛད་པས་དེར་བལྟ་བར་བྱའོ། །དེའི་གཅུང་ནི་སློབ་དཔོན་བསོད་ནམས་རྒྱལ་མཚན་ཞེས་བྱ་བ་ས་ཆེན་པོའི་སྟེང་ན་རྣམ་པར་དཔྱོད་པའི་ཤེས་རབ་ལ་འགྲན་ཟླ་དང་བྲལ་བ་རིག་པའི་གནས་དུ་མ་དང༌། ཆོས་ཀྱི་ཚུལ་རྒྱ་ཆེན་པོ་ཁོང་དུ་ཆུད་པས་རང་དང་གཞན་གྱི་དོན་ལ་དབང་འབྱོར་ཞིང་ཐེག་པ་མཆོག་གི་བརྟུལ་ཞུགས་ལ་གནས་པའོ། །དེའི་སྲས་ཀྱི་ཐུ་བོ་ནི་བདག་ཅག་གི་བླ་མ་ཡོན་ཏན་གྱི་ཚོགས་ཀྱིས་བླ་མ་རྣམས་ཀྱི་ཡང་བླ་མར་གྱུར་པ་ལྷ་དང་བཅས་པའི་འཇིག་རྟེན་གྱི་སྐྱབས་གནས་གཅིག་པུ། ཇི་ལྟ་བ་དང༌། ཇི་སྙེད་པ་གཟིགས་པའི་ཡེ་ཤེས་སྒྲིབ་པ་མེད་ཅིང༌། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོས་དབང་བྱས་པ། མངོན་པར་ཤེས་པས་རྣམ་པར་རྩེན་ཞིང༌། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་དུ་མ་ལ་དབང་འབྱོར་པ། ལྷ་དང༌། ཀླུ་དང༌། ལྷ་མ་ཡིན་དང༌། མིའམ་ཅི་ལ་སོགས་པའི་དབང་པོ་དུ་མ་དང༌། མིའི་དབང་པོའི་ཅོད་པན་གྱིས་ཞབས་ཀྱི་པདྨོར་གཏུགས་པ། ཐེག་པ་གསུམ་གྱི་ཆོས་ཀྱི་ཆར་ཆེན་པོ་རྒྱུན་དུ་འབེབས་པས་རྫོགས་ལྡན་གྱི་དུས་ཀྱི་སྤྲིན་ཆེན་པོ་ལྟ་བུ། འགྲོ་བ་མ་ལུས་པའི་མ་རིག་པའི་ཐིབས་པོ་དང་ཚང་ཚིང་ཐམས་ཅད་སེལ་བར་མཛད་