[A:༢༩༥]པས་ཉི་མའི་དཀྱིལ་འཁོར་ལྟ་བུ། ཉོན་མོངས་པའི་གདུང་བ་ཐམས་ཅད་ཞི་བར་མཛད་པས་ཟླ་བའི་དཀྱིལ་འཁོར་ལྟ་བུ། ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་ཅིང་བདག་མེད་པའི་སེང་གེའི་སྒྲ་སྒྲོགས་པས་སེང་གེ་རལ་པ་ཅན་ལྟ་བུ། ཀུན་ནས་དུལ་ཞིང་རྒྱལ་བའི་བསྟན་པའི་ཁུར་ཆེན་པོ་ཁྱེར་བས་གླང་པོ་ཆེ་ལྟ་བུ། ཉོན་མོངས་པའི་རིམས་ནད་སེལ་བར་མཛད་པས་སྨན་པའི་རྒྱལ་པོ་ལྟ་བུ། མང་དུ་ཐོས་པའི་ཆུ་ཚད་མེད་པས་གཏིང་དཔག་དཀའ་ཞིང་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་སུ་གྱུར་པས་རྒྱ་མཚོ་ཆེན་པོ་ལྟ་བུ། ལྟ་བ་ངན་པའི་སེར་བུས་གཡོ་བར་མི་ནུས་པས་རིའི་རྒྱལ་པོ་རི་རབ་ལྟ་བུ། དགོས་འདོད་ཐམས་ཅད་འབྱུང་བས་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་བུ། ལྷུན་གྱིས་གྲུབ་ཅིང་རྒྱུན་མི་ཆད་པའི་ཕྲིན་ལས་ཕུན་སུམ་ཚོགས་པས་འགྲོ་བ་མཐའ་དག་སྨིན་ཅིང་གྲོལ་བར་མཛད་པས་སྙིགས་མའི་དུས་ན་ཐམས་ཅད་མཁྱེན་པ་ལྟ་བུ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཕུལ་དུ་བྱུང་བ་དུ་མས་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པས་མཚན་ཡང་དོན་དང་མཐུན་པར་འཕགས་པ་ཞེས་སྙན་པའི་གྲགས་པས་ས་གསུམ་དུ་ཁྱབ་པ་འདི་ནི་ངེས་བར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྣམ་པར་རོལ་པའམ། སྤྲུལ་པའམ་རྣམ་པར་རོལ་པ་ཉིད་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་མདོ་སྡེ་དང༌། རྒྱུད་སྡེ་དག་ལས་ལུང་བསྟན་ཅིང་གང་གིས་འཕགས་པར་བྱེད་པའི་ཡོན་ཏན་གྱི་ཆོས་ཐམས་ཅད་འདི་ལ་མངའ་བའི་ཕྱིར་རོ། །དེ་ལྟ་བུའི་བདག་ཉིད་ཆེན་པོ་འདི་ཡུམ་གྱི་ལྷུམས་སུ་འཇུག་པའི་ཚེ། ཕྱི་རོལ་དུ་ངོ་མཚར་བ་དང༌། དགེ་བའི་ལྟས་དུ་མ་བྱུང་བ་དང༌། ཡུམ་ལ་ཡང་རྨི་ལམ་ལ་སོགས་པ་ལྟས་བཟང་པོ་དུ་མ་དང་བཅས་པས་ལྷུམས་སུ་ཞུགས་སོ། །དེའི་ཚེ་ཉིད་ན་ཡུམ་ཡང་ལྷག་པར་དུལ་བ་དང༌། སྡོམ་པ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་ལ་གནས་ཤིང༌། སྐྱེ་བོ་སློང་མོ་པ་དག་ལ་ཡང་སྦྱིན་