[A:༢༩༨]གཉིས་ངོ་ཤེས་སམ་དྲིས་པས། གཞོན་ནུ་དེས་གསུངས་པ། ཤེས་ཏེ་ཁྱོད་ནི་ངའི་སློབ་མ་འདི་ཞེས་བྱའོ་ཞེས་གསུངས་པ་དང༌། དེ་དག་གིས་ཀྱང་རང་གི་བླ་མ་ཡིན་པར་ཤེས་ཏེ། དད་པའི་སྟོབས་ཀྱིས་མཆི་མ་ལྷུང་ཞིང༌། ལུས་ཐམས་ཅད་ཀྱིས་བཏུད་ནས་ཕྱག་བྱས་པ་ལ་སོགས་པ་དང༌། གཞན་ཡང་བླ་མ་དམ་པ་ཆོས་ཀྱི་རྗེ་དང༌། བདག་ཉིད་ཆེན་པོ་འདི་སྐྱིད་གྲོང་དུ་བྱོན་པའི་ཚེ། གུང་ཐང་གི་དགེ་བའི་བཤེས་གཉེན་དགེ་འདུན་དང་བཅས་པ་རྣམས་ཀྱིས་བསུ་བ་དང༌། མཇལ་ཕྲད་ལ་སོགས་པ་རྒྱ་ཆེར་མཛད་ནས། སོ་སོར་འགྲོ་བའི་ཚེ་གླང་རི་ཐང་པའི་དགེ་འདུན་རྣམས་ཀྱིས་འཕགས་པའི་དྲུང་དུ་མཇལ་དུ་འོངས་པ་ལས། དེའི་ནང་ནས་བཙུན་པ་བགྲེས་པོ་ཅིག་ལ་འཕགས་པས་གཟིགས་ནས་ངའི་ཉེ་གནས་བཀྲ་ཤིས་གྲུབ་བྱུང་གསུངས་པས། བཙུན་པ་བགྲེས་པོ་དེས་ཀྱང་རང་གི་བླ་མ་ཡིན་པར་ཤེས་ནས། ངའི་བླ་མ་ཞེས་ཞབས་ལ་འཇུས་ནས་ངུས་པ་ལ་སོགས་པ་རྒྱུ་མཚན་དུ་མའི་སྒོ་ནས་ཚད་མ་ཡིན། དེ་ལྟར་འདི་ནི་སྔོན་གྱི་གནས་དུ་མ་དྲན་པའི་མངོན་པར་ཤེས་པ་རྒྱ་ཆེན་པོ་དང་ལྡན་པའོ་ཞེས་ཤེས་པར་བྱའོ། །གཞན་ཡང་རྒྱ་གར་དང་བོད་ལ་སོགས་པའི་ཡི་གེ་མི་འདྲ་བ་དུ་མ་དང༌། རྩིས་དང༌། བཟོའི་གནས་དུ་མ་དང༌། ལེགས་པར་སྦྱར་བའི་སྐད་དང༌། སྒྲ་དང་ཚད་མའི་བསྟན་བཅོས་དུ་མ་དང༌། སྡེབ་སྦྱོར་གྱི་བསྟན་བཅོས་དུ་མ་དང༌། རྒྱན་དང༌། མངོན་བརྗོད་དང༌། གསོ་བ་རིག་པ་ལ་སོགས་པ་དུ་མ་དང༌། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་ཚུལ་དུ་མ་དག་ཀྱང་མ་བསླབས་པར་རང་གིས་མངོན་པར་ཤེས་པས་མངོན་སུམ་དུ་མཛད་པ་ཡིན་ཏེ། གཞོན་ནུ་དེ་པཎྜི་ཏ་རྣམས་དང་ལེགས་པར་སྦྱར་བའི་སྐད་ཀྱིས་འབེལ་གཏམ་གསུང་ཞིང༌། རྒྱ་གར་གྱི་ཡི་གེ་དུ་མ་ཤིན་ཏུ་མྱུར་བར་འདྲི་བ་འགའ་ཞིག་གིས་མཐོང་ནས་ཤིན་ཏུ་ངོ་མཚར་བར་གྱུར་ཏེ། བླ་མ་ཆོས་ཀྱི་རྗེ་ལ་འཕགས་པ་འདིས་རྒྱ་གར་གྱི་སྐད་དང་ཡི་གེ་འདི་ལྟ་བུ་ཇི་ཙམ་ནས་མཁྱེན་པ་