[A:༢༩༧]དུས་བཞིན་ཀུན་ནས་འབྱོར་པར་གྱུར། །དེ་ནས་གཞོན་ནུ་དེ་ཉིད་ཉིན་རེ་བཞིན་ཡང་གཟི་བརྗིད་ཇེ་ཆེ་ཇེ་ཆེར་འཁྲུངས་པ་ནི། ཟླ་བ་ཡར་གྱི་ངོ་ལ་འགྲན་པ་བཞིན་དུ་གྱུར། སྔོན་གྱི་གནས་དུ་མ་དྲན་པའི་མངོན་པར་ཤེས་པ་དང་ནི་ལྡན། བློ་གྲོས་དང་དབང་པོ་ཤིན་ཏུ་གསལ་ཞིང་དངས་པ་ནི་འཇིག་རྟེན་ན་དཔེ་ལས་འདས། འཇིག་རྟེན་པ་ཐམས་ཅད་ཀྱིས་ཉིན་རེ་ཞིང་ཡང་བལྟ་བས་མི་ངོམས་པས་དུས་གསུམ་དུ་བལྟ་ཞིང་ཕྱག་བྱེད་ལ། འཇིག་རྟེན་དུ་འདི་ལྟ་བུའི་སེམས་ཅན་དག་པ་འཁྲུངས་སོ་ཞེས་སྒྲོགས་པར་གྱུར་ཏོ། །དེ་ནས་གཞོན་ནུ་དེ་ཅུང་ཟད་ཡར་འཁྲུངས་པ་དང༌། རང་གི་མངོན་པར་ཤེས་པའི་སྟོབས་ཀྱིས་སྔོན་གྱི་གནས་དུ་མ་དྲན་པ་དག་རང་གི་སློབ་མའི་ཚོགས་དང༌། སྡེ་སྣོད་འཛིན་པའི་མཁས་པ་རྣམས་དང༌། སྐྱེ་བོ་གཞན་ལ་ཡང་སྟོན་པར་མཛད་དེ། འདི་ལྟར་རྒྱ་གར་གྱི་ཡུལ་དུ་པཎྜི་ཏ་ཆེན་པོ་དུ་མའི་རྣམ་པས་སེམས་ཅན་དུ་མའི་དོན་མཛད་པ་དང༌། རྒྱལ་བའི་བསྟན་པ་ལ་བྱ་བ་འདི་ལྟར་མཛད་ཅེས་པ་ལ་སོགས་པ་རྣམ་པ་དང་བཅས་གཏན་ཚིགས་དང་བཅས་པ་དུ་མ་གསལ་བར་གསུངས་སོ། །བོད་ཀྱི་ཡུལ་འདིར་ནི་སྐྱིད་གྲོང་གི་སའི་ཆར། འཇིག་རྟེན་དབང་ཕྱུག་དང་གསུང་གླེང་མཛད་པར་གྲགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་དུ་མ་ལ་དབང་འབྱོར་པ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ས་སྟོན་རི་པ་ཞེས་བྱ་བར་གྲགས་པ་བྱོན་པ་དེ་ནི། བདག་ཉིད་ཆེན་པོ་འདིའི་སྐུ་ཚེ་སྔ་མ་ཡིན་ཏེ། འདི་ཉིད་ཀྱིས་ཀྱང་ཡང་དང་ཡང་དུ་གསུང་པ་དང༌། གང་ཟག་དམ་པ་རྣམས་ཀྱིས་ཀྱང་ལུང་བསྟན་པའི་ཕྱིར་རོ། །ཡང་དེ་ལྟར་ཅིས་མངོན་ཞེ་ན། ས་སྟོན་རི་པའི་སློབ་མ་གཉིས་ཀྱིས་བདག་ཅག་གི་བླ་མ་ས་སྐྱར་སྐུ་འཁྲུངས་འདུག་ཟེར་བ་ཐོས་པས་བལྟར་འོང་བ་དང༌། བདག་ཉིད་ཆེན་པོ་འདི་བྱིས་པའི་ཁྲོད་ན་རྩེ་ཞིང་བཞུགས་པས་མཁྱེན་ནས། ཁྱེད་གཉིས་འོངས་སམ་ཞེས་གསུངས་པས། ཁོང་གཉིས་ཀྱིས་ངེད་