R275: པཎྜི་ཏའི་རྣམ་པར་ཐར་པ་དད་པའི་གླང་པོ་སྐུལ་བའི་ལྕགས་ཀྱུ།

  • Pagination (Witness A): ༩བ
[A:༩བ]གནས་ལས་མཚན་དུ་གསོལ་བ་དེ་ཉིད་ལ། བདེ་མཆོག་དྲིལ་བུ་པའི་སྐོར་དང་། རྣམ་སྲས་རིགས་གསུམ། དཔལ་མགོན་ཞལ་བཞི་པ། ཡེ་ཤེས་མགོན་པོ་ཕྱག་དྲུག་པ་འོར་བཅས། རྡོ་རྗེ་དབྱངས་ཅན་ལ་སོགས་ལེགས་པར་གསན་ཞིང་། ཆོས་དང་ཟང་ཟིང་གིས་བཀའ་དྲིན་གྱིས་ལེགས་པར་བསྐྱངས་གསུང་། མཚན་ཉིད་ཀྱི་སྒོ་ནས་ཆོས་རྣམས་ཤངས་སྟོན་རིག་པའི་རལ་གྲི་ཉིད་ལས་སྤྱད་ཅིང་། མི་གཡོ་བ་དཀར་པོའི་རྗེས་གནང་། ཚེ་དཔག་མེད་གྲུབ་པའི་རྒྱལ་མོའི་ཚེ་དབང་སོགས་གསན། ཚོགས་གསོག་སོགས་ཀྱི་ལན་འདེབས་དུས་ཀྱང་དེ་རང་ལ་ཐ་ན་གོ་ཁའི་མེ་ཡོག་ཚུན་ལེགས་པར་སྦྱོར་བའི་བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན་པས་གསུང་ཐུགས་ཉེ་ཚུལ་དང་བཅས་པའི་མཆོད་ཡར་མཛད་པ་ཡང་མཐོང་ངོ་། དཔལ་ལྡན་ས་སྐྱ་བའི་གདུང་བརྒྱུད་བདག་ཆེན་བསོད་ནམས་རྒྱལ་མཚན་པ་ལ་ཡང་མི་གཡོ་བ་སྔོན་པོའི་རྗེས་གནང་ཚོགས་པ་སྤྱིད་དང་ལྷན་ཅིག་གསན་གསུང་། དེ་ཡང་གཙོ་བོར་ཡབ་རྗེ་ཆོས་ཀྱི་རྒྱལ་པོ་འཇམ་པའི་དབྱངས་དཔལ་ཤཱཀྱའི་མཚན་ཅན་ཉིད་མཉེས་པ་རྣམ་གྲངས་དུ་མའི་སྒོ་ནས་ལེགས་པར་བསྒྲུབས་ཏེ།