[A:༡༠ན]ཆོས་འཁོར་ཆེན་མོ་མཛད་དུས་ཀྱི་རིང་གཞུང་གི་འབེལ་བའི་སྒོ་འབྱེད་པའི་གཞི་མ་ཡང་རྗེ་འདི་ཉིད་ཀྱིས་ལེགས་པར་མཛད་ལ། དེ་ལོ་བསྙེན་པར་རྫོགས་པའི་དངོས་པོ་བླ་ན་མེད་པ་ཡབ་རྗེ་ཆོས་ཀྱི་རྒྱལ་པོ་ཉིད་ལ་ཞུས་ཏེ་འདུལ་བ་འཛིན་པ་ཀུན་གྱི་མཆོག་འཕགས་པ་ཉེ་བ་འཁོར་ལྟ་བུར་གྱུར་ཏོ། དེ་ལྟར་པཎ་ཆེན་ཆོས་ཀྱི་རྒྱལ་པོ་གྱུར་པའི་སྔར་སྨོས་པ་དག་དང་། ཕྱིས་རྒྱལ་བའི་གདུང་འཚོབ་འཇམ་དབྱངས་ཀུན་དགའ་རྒྱལ་མཚན།
སེམས་པ་ཆེན་པོ་བསོད་ནམས་རྒྱལ་མཚན།
གྲུབ་ཆེན་ཀུན་དགའ་བཀྲ་ཤིས་རྣམས་ལས། ཡབ་གྱུར་ཆོས་རྗེའི་བཀའ་འབུམ་གཙོ་བོར་གྱུར་པའི་གསང་སྔགས་ནང་གི་གནད་མཆོག་དམ་པ་རྗེས་སུ་གདམས་པ་མཐའ་དག་ལེགས་པར་གསན་ནོ། གཞན་ཡང་སངས་རྒྱས་དབོན་སྲས་ཤཀྱ་རྒྱལ་མཚན་པ་ལ་ཡང་དེ་ཉིད་ཀྱིས་མཛད་པའི་ཡབ་རྗེ་པཎྜི་ཏ་ཆེན་པོའི་རྣམ་ཐར་པད་མ་དཀར་པོའི་ཕྲེང་བ་སོགས་ཀྱི་ལུང་འགའ་གསན་ནོ། དེ་ནས་འཛམ་གླིང་བསྟན་པའི་བདག་པོ་འཇམ་པའི་དབྱངས་ཉིད་དགུང་ལོ་བརྒྱད་ཅུའི་མཐར་སོན་པ་ན། བྱང་ཕྱོགས་ཤམ་བྷ་ལའི་ཡུལ་རིགས་ལྡན་ཆོས་ཀྱི་རྒྱལ་པོའི་བདུན་པར་ཉེ་བར་ཕྱོན་ཏེ།