[A:༣༥༦]བླ་མ་ལ་ཞུས་ནས། བླ་མས་གཙོ་མཛད་གྲོས་པས་བསྐོས་ནའང༌། ཁག་ཁྱོད་རང་གིས་ཁུར་དགོས། དབོན་པོ་གཞོན་པས་མི་འོང་ཟེར་ནས་བཞག་ས་མ་བྱུང༌། ད་གྲོས་འཆམ་པ་མི་འོང་བ་འདུག་པས་བྲོས་ལ་ས་སྐྱའི་མངའ་འོག་མིན་པ་ཅིག་ཏུ་འགྲོ་སྙམ་ནས་འབྲོས་ཆིས་ལན་གསུམ་བྱས་པའི་ཐ་མ་ལ་ཐོན། ལྷོ་བྲག་ལ་འགྲོ་སྙམ་གཡའ་བཟང་ཐུག་ཐོན་ཡང་སྡུག །ཤམ་པོའི་མགུལ་དང༌། བསམ་ཡས་མཆིམས་ཕུ། ལྷ་སའི་ཡེར་པ་རྣམས་སུ་དབྱར་དགུན་རེ་ཙམ་བྱས་པ་ལོ་གཉིས་བསྡད། ཡང་ཚོལ་མི་བྱུང་ནས་ཡེར་པའི་བྲག་ཕུག་ནས་ལན་ཅིག་ཕྱིན། དེ་རྗེས་གང་བདེ་བྱས་པས་ཆོག་གསུང་བ་བྱུང་ཡང་གཏིང་མི་ཐོན་པར་འདུག་པས། གཡོ་ཐབས་གཅིག་བྱས་བུད་ནས་ཐག་ཆོད་ཅིང་ཆོད་པའི་ལོ་དགུ་པོ་དེ། འདི་པ་རྣམས་ཀྱིས་འདོད་ཐོག་དང་སྨོན་པ་ལ། ཚེ་འདི་བློ་བཏང་གི་གང་མི་འདོད་དང༌། སྡུག་བསྔལ་ཆར་བཞིན་དུ་འབབ་པ་སྟེ། དོན་མེད་ཀྱི་སྡུག་བསྔལ་མི་འདོད་བཞིན་དུ་ཁུར་བའི་སྐབས་སོ། །དེ་ནས་གནམ་ཀ་བ་མེད་པའི་འོག་ན་སེང་གེ་སྲབ་མེད་དུ་འཕྱོ་བའི་སྐབས་ལ། ཤངས་ཀྱི་རིན་ཆེན་སྒང་དུ་ལོ་དྲུག་ཙམ་ཅིག །དབུས་ཀྱི་བཙུན་མོ་བྲག་ལ་ལོ་ཕྱེད་དྲུག །དཀར་པོ་བྲག་ལ་ལོ་བཅུ། གུར་དཀར་དུ་མཚམས་དབེན་ངོ་ཤེས་པ་ལོ་གཅིག །མི་དང་དུམ་ཙམ་ཕྲད་པ་ལོ་ཕྱེད། དེ་རྣམས་རྣམ་གཡེང་མེད་པའི་དགེ་སྦྱོར་དུ་བརྩིས། རང་དབང་ཅན་གྱི་ཆོས་བློ་བདེ། ཉམས་དགའ་ཨང༌། སྔར་གྱི་ཐོས་བསམ་གྱི་སྐབས་སུ། བླ་མ་འདོད་པ་དང་མཐུན་པ་བྱུང་བ་རྣམས་རང་རང་འདོད་པའི་ཆོས་ཞུས་པ་ལ། འདན་ཡུལ་རི་ཁྲོད་དུ་མཁན་པོ་རྩེད་པའི་དྲུང་དུ་དབྱར་ཐོག་ཅིག་རྫོགས་ཆེན་སྙིང་ཐིག །ཞི་བྱེད་རྒྱུད་ཕྱི་མ། རི་ཆོས་སྐོར་གསུམ་ལ་སོགས་པ་ཞུས་པ་དང༌། དཔྱིད་ཅིག་དབུས་སྟོད་དུ་བླ་མ་གན་པ་བ་ལ་ཕྱག་ན་རྡོ་རྗེ་གཏུམ་པོ་ཆེ་ཆུང་གཉིས་བདེ་ཁྲོས། མ་གཅིག་གྲུབ་པའི་རྒྱལ་མོ་ནས་བརྒྱུད་པའི་ཚེ་དཔག་མེད་ལྷ་སོ་གསུམ་མའི་ཆོས་སྐོར། གཤེད་དམར་གྱི་རྫོགས་རིམ་བླ་མ་ལྭ་བ་པ་ནས་བརྒྱུད་པ་ལ་སོགས་པའི་དབང་