R29: ཤངས་ཀྱི་བླ་མ་ཆོས་རྗེ་རིན་སེང་པའི་རྣམ་ཐར་ཁོང་རང་གིས་མཛད་པ།

  • Pagination (Witness A): ༣༥༧
[A:༣༥༧]བཀའ་སྒྲུབ་ཐབས་ལ་སོགས་ཐོབ་ཡིག་ན་གསལ། ཞིབ་ཏུ་མ་སྨོས་སོ། །ཚེ་འདི་བློས་བཏང་སྤྲང་པོ་ང༌། །མདོ་རྒྱུད་མང་དུ་བལྟས་པ་ཡིས། །ཆོས་སྒོར་ཞུགས་མ་ཐག་པ་ནས། །ཚེ་འདི་དང་རང་འདོད་ཞེན་འདྲིས་མེད། །ཕུགས་གྲུབ་ཐོབ་ཅིག་ལ་བློ་རྩེ་གཏད། །དུས་མཚམས་མེད་པའི་བརྩོན་འགྲུས་བརྩམས། །ཡི་དམ་བསྒོམ་བཟླས་བཀའ་སྲུང་ཡང༌། །དང་པོ་ལོ་རེ་ལོ་གཉིས་བར། །དངོས་དང་རྨི་ལམ་མཚན་རྟགས་ཀྱི། །ནུས་པ་མངོན་གྱུར་ཆེ་བ་དང༌། མཆོད་སྒྲུབ་བསྐང་བཤགས་ཆག་སྐོང་བ། །འཁུ་ལྡོག་དགག་སྒྲུབ་ཆེ་བར་སྣང༌། །བར་དུ་མི་སྡུག་བར་ཆད་དང༌། །ལུས་སེམས་སྡུག་བསྔལ་འབའ་ཞིག་བསྐྱེད། །ཐ་མར་ཕན་གནོད་གང་ཡང་མེད། །འོན་ཀྱང་འཕྲལ་ནུས་མ་བྱུང་ནའང༌། །ལྷ་དང་བླ་མའི་བྱིན་རླབས་མཐུས། །བྱང་ཆུབ་ཐོབ་པའི་ནུས་པ་སྟེར། །ཆོས་སྐྱོངའང་བཀའ་བསྒོ་ཉན་པ་ཙམ། །བྱ་བྲལ་ཟང་མའི་ཀུན་སྤྱོད་ཚེ། །རྨི་ལམ་དང་ཉམས་ཀྱི་འཆར་སྒོ་ལ། །ལེགས་ཉེས་དགེ་སྡིག་བྱེ་བྲག་འགའ། །མངོན་ཤེས་མིན་ནའང་མི་སླུ་བས། །མངོན་ཤེས་ལྟ་བུའི་ཉམས་སྣང་ཡང༌། །བྱུང་མོད་མངོན་ཤེས་སུ་སྒྲོ་བཏགས་དགོས། །ཕལ་ལ་སྨྲ་བ་ཀུན་ཏུ་བཅད། །ཁྱད་པར་ཉན་པོའི་སྒོམ་ཞུས་རྗེས། །ལོ་གསུམ་བར་མ་ཆད་ལ་གྲུབ་ཐོབ་ཅིག །འོང་ངེས་ཤེས་ལ་གདན་སའི་བར་ཆད་བྱུང༌། །བྲོས་རྗེས་ཤངས་ཀྱི་རིན་སྒང་དུ། །སྦྱོར་དྲུག་ལོ་གསུམ་ཕྱོགས་གསུམ་གྱིས། །འཆི་མེད་བསྒྲུབ་འདོད་ཉིན་མཚན་དུ། །བར་མ་ཆད་པ་ཟླ་དྲུག་བྱུང༌། །འབྲེལ་བས་གེགས་དང་ཁམས་འདུས་ཞིགས། །ད་རྗེས་དབུས་ཀྱི་བཙུན་མོ་བྲག །ལམ་འབྲས་བར་མེད་ལོ་དྲུག་བསྒོམས། །འབྱུང་བས་མི་འཆི་མི་བརྫི་ནའང༌། །རང་དབང་ཡོད་སྙམ་གདེང་ཡོད་པས། །དམ་ཉམས་ཅིག་སྐྱོར་བའི་ལས་ཆོག་བྱས། །གྲིབ་ཀྱིས་སྣ་ཁྲག་མཚན་རངས་བབས། །ལོ་དུས་གསུམ་དུ་བཏུད་ནས་ཤོར། །ཁམས་ཀྱི་ནུས་པ་དེ་རུ་ཟད། །གྲུབ་ཐོབ་ཀྱི་རེ་ཐག་དེ་རུ་ཆད། །གེགས་དེ་ཆོས་སྤྱོད་བཅག་པས་ལན། །དེ་བས་གཏོར་མ་ཆོས་