[A:༣༥༥]པོ། །མི་ཆེན་དད་འབྱོར་ལྡན་པ་ཡིས། །མང་ཇ་གསེར་དང་གོས་དར་སོགས། །ཕུལ་ནས་གསོལ་བཏབ་ལན་གསུམ་མཐར། །གསུང་ངག་འབྱོན་པའི་ཞལ་བཞེས་བྱུང༌། །ས་སྐྱ་སྣར་ཐང་ཁྲོ་ཕུ་དང༌། །བྲག་རམ་ལ་སྟོད་བྱང་གི་ཆའི། །བཤེས་གཉེན་མང་དུ་འདུས་པ་ལ། །གསུང་ངག་གཞུང་ཁྲིད་བཅས་པ་དང༌། དབང་དང་བྱིན་རླབས་ཅི་རིགས་གནང༌། །རྗེས་ལ་བདག་ཅག་དཔོན་སློབ་གསུམ། །མི་ཉག་གཅིག་དང་བཞི་པོ་ལ། །ལྷག་མ་རྣམས་ཀྱང་རྫོགས་པར་གནང༌། །སེང་གེ་ལུང་པའི་མཁན་པོ་ཡིས། །ཞུས་དང་རྫོགས་པ་ལན་གཉིས་ཐོབ། །བཀའ་ལུང་ཞུ་རྒྱུ་མང་འདུག་ཀྱང༌། །མ་ཞུས་དེ་ལོའང་བྲིལ་ནས་བསྒོམ། །བྱི་ལོའི་དགུན་ངོ་རྟེན་འབྲེལ་ཞུས། །སྔར་གྱི་རྩོལ་བའི་མཐུ་སྟོབས་ཀྱིས། །བསྒོམ་ཉམས་འཆར་སྒོ་ཚད་མེད་བྱུང༌། །དེ་རྗེས་དཔོན་མེད་གཡོག་མེད་ཀྱི། །ལུང་སྟོང་ཅིག་ཏུ་ལོ་གསུམ་བསྒོམས། །རྗེ་ལ་རྟོགས་ཚད་འབུལ་སྙམ་ནས། །དགོན་པ་ནས་ཐོག་མར་ས་སྐྱར་ཕྱིན། སྒྲོ་འདོགས་ཆོད། ཆིག་རྐྱ་ཕེར། འདོད་པ་གྲུབ། གདམས་ངག་ལ་རྩལ་འདོན་པའི་གོ་ཆ་གྱོན་པའི་སྐབས་སོ། །དེའི་དུས་བརྒྱགས་མེད་པས་དབྱར་ས་སྐྱར་ཐོགས་སྟོན་སོ་ས་སྐྱའི་སློབ་དཔོན་ལ་གོང་མའི་གདན་འདྲེན་བྱུང༌། དཔལ་སྐྱེས་དབེན་ཤྲཱིས་བཟུང༌། གོང་དུ་འབྱོན་དགོས་བྱུང༌། བླ་མ་བདག་ཆེན་པས་དབུ་མཛད། གདན་སའི་གྲོས་པས་ཞུ་འབུལ་བྱས་ནས་ལོ་དགུ་གདན་ས་བཟུང༌། རིགས་གྲའི་མགོ་བྱས་རྣམ་འགྲེལ་རིགས་གཏེར་ལོ་རེ་ལ་ཚར་བརྒྱད་བརྒྱད་བཤད། ཕར་ཕྱིན། འདུལ་བ། སྤྱོད་འཇུག་ལ་སོགས་འདོད་པའང་བྱུང༌། བཤད་ཀྱང་ཤོད་པར་ཡོད། གྲྭ་པའང་མང་བར་འདུག་སྟེ། གྲྭ་པ་མང་དུས་བརྒྱ་ལྷག །ཉུང་དུས་ཉི་ཤུ་བས་ཉུང་བ་མ་བྱུང་ནའང༌། ནམ་ཞིག་ཐོན་ན་འགྲོ་སྙམ་པའི་འགྲོ་རྩིས་ལས་མེད་པས་མ་བཤད། བརྟག་གཉིས་དེར་ཟུར་ཆོས་མེད་པའི་བཤད་སར་རིང་བས། དབོན་པོ་འདྲ་ལ་ཆོས་བར་དང་ནང་དུ་ཚར་འགའ་བཤད། །བདག་རང་འགྲོ་འདོད་པས་བླ་མའི་དབོན་པོ་གདན་སར་འཇོག་པ་