R29: ཤངས་ཀྱི་བླ་མ་ཆོས་རྗེ་རིན་སེང་པའི་རྣམ་ཐར་ཁོང་རང་གིས་མཛད་པ།

  • Pagination (Witness A): ༣༤༧
[A:༣༤༧]ནས། །མདོ་སྡེ་དཀོན་བརྩེགས་ལ་སོགས་པའི། །སངས་རྒྱས་བྱང་སེམས་རྣམས་ཀྱི་མཚན། །ཕན་ཡོན་བཅས་པ་མང་བཟུང་ནས། །ནང་ནུབ་གཉིས་ཀ་ཕྱག་འཚལ་དང༌། །མཆོད་དང་སྡིག་བཤགས་ཡི་རང་བསྐུལ། །མཚན་བརྗོད་བཟང་སྤྱོད་ལྟུང་བཤགས་དང༌། །སྒྲོལ་མ་རྣམ་འཇོམས་སྡུད་པ་སོགས། །ཁ་དོན་སྔགས་ཟློས་ཅི་འགྲུབ་བྱས། །དུས་བཟང་གསུམ་ལ་གདན་གཅིག་པས། །རྡོར་ནག་སྤངས་པའི་བསྙེན་གནས་བསྲུངས། །གསུང་རབ་ཀློག་ཚེ་སྔ་ཕྱི་ཡི། །འབྲེལ་དོན་བསམ་མནོ་བཏང་བ་ཡིས། །ཐོས་ཆུང་གོ་བ་སྣ་རེ་སྐྱེས། །བཀའ་པོད་རེ་རེ་ཤེས་པ་ཡི། །བཤེས་གཉེན་ཀུན་བས་གོ་ཡུལ་བཟང༌། །ཐལ་ཕྱིར་མི་ཤེས་འབེལ་གཏམ་ལ། །ཕལ་ལ་མི་འཇིགས་སྤོབས་པ་ཡོད། །ཐ་མལ་སྐྱེ་བོར་གནས་ཚེ་ཡང༌། །སྡོམ་གསུམ་ལེགས་བཤད་ལ་སོགས་པ། །མཁས་པའི་བསྟན་བཅོས་ཅི་རིགས་དང༌། །གཅོད་དང་ཞི་བྱེད་ལ་སོགས་པ། །ཟབ་མོའི་དཔེ་ཆ་མང་དུ་བྱུང༌། །དལ་སྐབས་ཅི་བྱུང་བལྟ་རྟོག་དང༌། །ཁ་དོན་བསམ་མནོ་ལ་སོགས་པས། །བཏང་སྙོམས་ལུས་པ་མེད་སྙམ་སེམས། །བྱེད་འདོད་དམིགས་པར་རབ་ཤེས་ཀྱང༌། །ཆོས་རྣལ་མ་བྱ་དབང་མ་བྱུང་ནའང༌། །སྒོ་གསུམ་ཐ་མལ་མ་བསྡད་པར། །ཅི་ནུས་སུ་དགེ་བ་ལ་འབད་པའི་སྐབས་སོ། །ཕ་དབང་ཆེས་ནས་ཆོས་བྱེད་དུ་མ་སྟེར་བས། སྙིང་མི་དགའ་བ་དང༌། ཕ་ལ་གནོད་དུ་རེ་ནས། ཉོ་ཆུང་རང་ཕུང་གཞན་འཕྱའི་ལོ་བཞི་བསྐྱངས། ནང་ན་ངེས་འབྱུང་གི་སྐྱོ་ཤས་དང་བྲལ་བ་མེད་པས་ནང་ཆོས་མཐུན། ཕྱི་ཀུན་འཕྱའི་ལེ་ཚོའོ། །ལོ་ཉི་ཤུ་རྩ་གསུམ་པ་ཤར་མ་ཐག་པ་ལ། ཤུད་པ་དང་སྲེག་ཤིང་བས། བླ་མ་ཤར་པ་དང༌། རིན་པོ་ཆེ་ཁྲོ་ཕུ་བ་གདན་དྲངས་ནས། དབང་ཐུགས་བསྐྱེད་རབ་བྱུང་ཞུ་བ་མང་པོ་འོང་བ་འདུག་པས། ད་ལན་རིན་པོ་ཆེ་པ་མཁན་པོ། སྲེག་ཤིང་མཁན་པོ་ལ་སློབ་དཔོན་ཞུས་ནས་རབ་བྱུང་ཞུ་བསམ་ནའང༌། ཕ་ལ་ཞུས་པས་ཁོང་གིས་དེ་ལོང་མགར་བའི་མི་ཆེན་ཞིག་གི་མཆོད་གནས་ལ་བརྫངས་ནས། ལོ་གཅིག་ན་