[A:༣༤༩]བ་འཛིན་པ་བདུད་རྩི་དཔལ་བཟང་པོ་ལ་རབ་ཏུ་བྱུང་བའི་བྱ་ཆ་ཆོས་སྤྱོད། ཀ་རི་ཀ་ལྔ་བཅུ་པ། སུམ་བརྒྱ་པ། འོད་ལྡན་ལ་སོགས་པ་ཉན་པའི་དུས་སུ་ཉན་མི་སུམ་ཅུ་ལྷག་བྱུང་ཀྱང༌། མཐར་ཕྱིན་པ་ཤེས་ནས་ལག་ལེན་ལ་འདེབས་པ་ཁོ་བོ་ཙམ་མོ། །ལོ་གཅིག་བར་དུ་དམ་དོག་ཆེ་ཟེར་བའི་དགེ་ཚུལ་བྱས་ནས། ལུག་གི་ལོའི་རྟའི་ཟླ་བའི་ཡར་ཚེས་བཅུའི་ཉིན། དོན་གྱི་སླད་དུ་མཚན་ནས་སྨོས་ན། བདག་གི་མཁན་པོ་ལྷུན་གྲུབ་དཔལ་བཟང་པོས་མཁན་པོ་མཛད། ཚོགས་པའི་མཁན་པོ་ཡིན། བོད་ཀྱི་བཙུན་པ་ཞིག་ལ་སྐུ་བཙུན་ལ་འདུལ་བ་ལ་མཁས་པར་བྱེད་པའི་མཁན་པོ་དང༌། དར་མ་དཔལ་བཟང་པོ་ལ་ལས་ཀྱི་སློབ་དཔོན་ཞུས། མཁས་བཙུན་སློབ་དཔོན་ཡོན་ཏན་འབུམ་ལ་གསང་སྟོན་ཞུས། རུ་མཚམས་ཀྱི་ཚོགས་པའི་དགེ་འདུན་དང༌། གཞི་པའི་དགེ་བའི་བཤེས་གཉེན་དང་བཅས་པ་དྲུག་ཅུ་ལྷག་ཅིག་ལ་དད་པའི་དགེ་འདུན་ཞུས་ནས་བསྙེན་པར་རྫོགས་པ་ཐོབ། རྡོར་ནག་བཅད་དཀའ་ལས་ཆེར་བྱུང་སྟེ་བློ་བདེའོ། །སོ་སོར་ཐར་པ་འགྲེལ་པ་དང་བཅས་པ། མདོ་རྩ་འགྲེལ་བསླབ་བྱ་ཕལ་ཆེར་སྔར་གྱི་སློབ་དཔོན་དེ་ཉིད་ལ་ལོ་གསུམ་ལྷག་གི་བར་མ་བྲལ་བར་བསླབས་ཤིང༌། ཀརྨ་ཤ་ཏཾ་དང་ཕྲན་ཆུང་རྣམས་སློབ་དཔོན་ཀུན་དགའ་ཤེས་རབ་ལ་ཞུས། །མདོ་རྩའི་སློབ་དཔོན་དུས་ཕྱིས་ཀྱང་འདུལ་བ་ལུང་དང་བཅས་པ་སློབ་དཔོན་བཀྲ་ཤིས་བཟང་པོ་ལས་ཉན་ནས་བཤད་པ་དང་ལག་ལེན་བདེ་བར་ཡོད་དོ། །མཁན་པོ་སྲེག་ཤིང་པ་དང༌། སློབ་དཔོན་ཡོན་ཏན་འབུམ་ལ་ཕར་ཕྱིན་འཇམ་གསར་མ་ལོ་ལྔ། སློབ་དཔོན་བཅོམ་ལྡན་པ་ལ་ཚད་མ་བཏུས་པའང་བསླབས། བཤད་གསར་བ་ལ་རྫོགས་པར་བཤད་དེ། གོང་དུ་སློབ་མ་ཆོས་སྐད་འདོན་པ་འདྲ་ལ། སྟོད་ཚར་གཉིས་ཙམ་བཤད། དེ་རྗེས་སློབ་དཔོན་བསོད་རིན་ལ་ཚད་མ་རྣམ་འགྲེལ། རིགས་གཏེར་ལོ་ལྔ་བསླབས། སྒྲོགས་གླེང་དང༌། བཤད་པ་གྲྭ་ས་ཤོགས་པ་ཡོད། དགེ་བཤེས་མི་བྱེད་པར་དམ་བཅས་ནོར་མེད་བཤད་གསར་བྱེད་རྒྱུ་མ་བྱུང༌། ཆོས་སྐད་འདོན་པ་འདྲ་ལ་ལྐོག་