[A:༣༥༠]ཏུ་ཚར་རེ་བཤད། དེ་རྗེས་ས་སྐྱར་སློབ་དཔོན་ཟླ་འོད་དང་སློབ་དཔོན་དཔལ་ཡེ་ལ་རྣམ་འགྲེལ། རིགས་གཏེར། རིགས་ཐིགས་ཉན། རིགས་གྲར་རྟག་ཏུ་ཕྱིན། ཆོས་ཤོད་ཟེར། དགེ་བཤེས་ཀྱི་མིང་མི་དགོས། བཀའ་ཤོག་མི་ཞུ་བ་དམ་བཅའ་ཡིན་བྱས། མི་ཚུགས་མ་བཟུང༌། ལོ་གཉིས་གསུམ་ལ་སྟོན་བསོད་སྙོམས་ཞག་ཤས་རེ་བྱས། དུས་ཕྱིས་དེའང་སྦྱོང་བར་འདུག་པས་བཞག །ཆོས་མགོ་ནས་ཕྱེ་བྲེ་བཞི་ཙམ་ལས་མེད་པ་ལ་གྲྭ་རོགས་རྣམས་ཀྱིས་རྩོལ་སྒྲུབ་གྱིས་ཟེར་བསམ་ཁྲལ་བྱེད། བདག་འདི་ལ་ཡང་བྲེད་དོ། །ལྷག་མ་ལུས་ཉེན་ཡོད། མ་ཤི་ན་བཀོད་པ་འཆར་སྙམ། སེམས་ལ་ལས་གང་ཡང་མེད་པར་བཞག་པས་ཤི་ཡང་མ་ཤི །དཀོན་མཆོག་གི་བྱིན་རླབས་ཀྱིས་སྡུག་ཆད་པ་ཡང་མ་སོང༌། གཞན་གྱི་བུམ་ཆོག་འདྲ་དང༌། རྙེད་པ་འོང་བའི་སྒོ་འདྲ་འདུག་བྱས་ན་བརྒྱགས་དང་མཐུན་རྐྱེན་འཛོམ་པར་ཤེས་ཏེ། སློབ་གཉེར་དང་དགེ་སྦྱོང་གི་གེགས་སུ་འདུག་ནས་བཞག་པས། གཞན་གྱི་མཁོས་རྡུགས་པར་བྱེད། འདི་བྱས་ཀྱང་ཆོག་འདི་འདྲ་རང་འོ་བརྒྱལ་ཟེར་ཙ་ན་ཞེ་ལ་སྡུག་སྙམ་མེད། ཕུགས་སུ་ང་ལས་ཀྱང་ཁྱེད་རྣམས་འོ་བརྒྱལ་སྙམ་པ་འོང༌། ང་ཡུལ་ཕྱོགས་སུ་ཡང་ཆོས་སྒོར་ཚུད་མ་ཐག་ཀྱང་མི་ཉམ་ཆུང་ཟ་ཐག་ཉེ་བའི་ཆོས་སློབ། སློབ་དཔོན་ཐབ་ཁ་ཆེ་བ་བསྟེན་ཞེས་གང་ཉེ་ཉེ་རྣམས་ཟེར་ཏེ། ངས་རྒྱབ་ལོག་པ་རེ་བྱས་པས་ཁོང་རྣམས་མི་དགའ། ཕ་མས་མི་སྟེར་བའི་ཁ་ལ་བསོད་སྙོམས་འདྲ་འདུག་ན། ང་བུ་སྨད་གསོ། བུ་ལོན་འཇལ་དགོས་ཟེར་ནས་ཕྲོགས། སྡུག་སྐད་ཤོར་ན། ཁྱོད་ཡོང་ནས་བཀའ་པོད་སློབ་ཆོས་བྱེད་པ་ཡིན་ཟེར། སྨན་བླ། ཁྲུས་ཆོག །ཀློག་འདོན་བྱས་ན་བརྒྱགས་རྙེད་པར་འདུག་སྟེ། ཆོས་མི་སློབ་པའི་སྟེང་དུ་ཕའི་བུ་ལོན་འཇལ་རོགས་འབབ་པར་འདུག་པས། ཆོས་གཤའ་མར་བྱེད་པ་ལ་སྡུག་པོ་གསུམ་ཁུར་དགོས། ནན་ལྟར་ན་སྡུག་རྒྱུ་ཡང་མེད། ཡི་དགས་རྣམས་ལ་ལོ་མང་པོར་ཆུ་དང་མཆིལ་མ་མི་རྙེད་པ་ཡོད་ཟེར། འདིར་ཆུ་འཐུངས་པས་ཆོག །སྔ་སྔོ་ཟོས་པས་ཆོག་སྙམ་ནས་ཐུག་པ་