[A:༣༥༡]ཙམ་ལ་བརྟེན། བཟའ་རྒྱུ་ཅུང་ཟད་བྱུང་བའི་ཚེ་ཡང་བསྲི་སེ་བྱས་པས་སེམས་ལ་མི་བདེ་བ་ཅུང་ཟད་ཀྱང་མེད། བླུན་པོ་འབྱོར་པས་དྲེགས་པའི་བརྙས་ཐབས་དང༌། ཅི་ཡང་མི་སྟེར་ཡང་ཁྱེད་ཀྱང་འོ་བརྒྱལ་ཞེས་སྙིང་རྗེ་གོ་ལོག་བསྒོམ་པ་འདྲ་སེམས་ལ་གཟན་པར་བྱུང༌། དབྱར་ཐོག་ཅིག་ཟླ་བ་ལྔ་ལ་ཁལ་གཉིས་ཟོས་ནས་རི་ཁྲོད་སྟོང་པ་ཅིག་ཏུ་འཇིགས་བྱེད་ལ་བསྙེན་པ་བྱས་པས་རྟག་ཏུ་དགེ་སྦྱོར་བོགས་ཆེ་ལ་སྐྱིད་དུ་ཚོར་བ་བྱུང༌། མདོར་ན་ཉི་ཤུ་རྩ་གསུམ་ནས་བཞི་བཅུ་ངོ་མཐོང་བར་གྲྭ་ས་འགྲིམ་པའི་གོ་ཆ་གྱོན། ལོ་གསུམ་གནས་ཀྱི་སློབ་དཔོན་ཅི་གསུང་བསྒྲུབས་ཤིང་སློབ་གཉེར་བྱས། དེ་རྗེས་སློབ་དཔོན་ཁམས་སུ་གཤེགས། བདག་ལའང་འདོང་ཟེར་ཏེ་མ་ཉན་ཏེ་བསྡད། དེ་རྗེས་དཔོན་མེད་གཡོག་མེད་ཆིག་ཚུགས་བཟུང་ཞིང༌། གཞན་དང་མ་འདྲེས་ཐོས་བསམ་ལ། །འབད་སྙམ་རང་ཚུགས་བཟུང་བསྡད་པས། །ཆོས་སྤྱོད་བཙུན་ཚུགས་སྲོལ་འཛིན་པའི། །གྲོགས་པོ་ཆོས་མཐུན་འགའ་ཡོད་པས། །ཁྱོད་ཀྱིས་མགོ་འདྲེན་མ་བྱས་ན། །མིས་འཕྱ་ཆོས་སྤྱོད་རྩ་བ་སྟོང༌། །ཕན་ཡོན་ཉེས་དམིགས་ལེགས་བསམ་ཟེར། མ་ཕོད་ལོ་ཤས་དབུ་མཛད་བྱས། །དགེ་སློང་བཞི་སྡེ་ཡན་ཆོད་ནས། །མང་ན་སུམ་ཅུ་མན་ཆད་ཚོགས། །གནས་འདིར་སྡོད་ནས་དགེ་བཤེས་ནས། །བཙུན་ཆུང་གསར་པ་ཡན་ཆོད་ཀྱི། །ཉིན་ཞག་ཕྲུགས་གཅིག་ཆོས་སྤྱོད་རིམ། །ཞོགས་པར་ཁྲུས་དང་ཡན་ལག་བདུན། །གཏོར་མ་རང་རང་གང་བྱེད་ཀྱི། མལ་སར་སློབ་གཉེར་ལ་སོགས་པ། །རང་རང་གཞུང་ལུགས་འབད་པ་དང༌། །ཉིན་པར་ཉན་བཤད་རྒྱུན་གཏོར་སོགས། །སྲོད་ལ་སྐྱབས་འགྲོ་མདོ་སྒྲུབ་སོགས། །མཎྜལ་བཞི་པའི་གསོལ་འདེབས་རྣམས། །རྒྱུན་གྱི་ཆོས་སྤྱོད་ཆགས་མེད་ཡིན། །གསོ་སྦྱོང་དབྱར་གནས་དགག་དབྱེ་དང༌། །ཆོས་སྒང་སློབ་གཉེར་གཙོ་བོ་ལ། །ཆོས་སྤྱོད་ཞར་བྱུང་ཆོས་བར་ལ། །སྨན་བླ་རྒྱལ་འཇོམས་ལ་སོགས་པ། །ཆོས་སྤྱོད་གཙོ་ཆེར་སློབ་གཉེར་ཀྱང༌། །ཅི་འགྲུབ་བྱེད་པ་ནང་ཁྲིམས་ཡིན། །དགེ་བཤེས་ཀྱི་ར་བར་མ་ཞུགས་ཀྱང༌། །མཁན་