R30: ཞང་དཀོན་མཆོག་དཔལ་བའི་རྣམ་ཐར།

  • Pagination (Witness A): ༣༦༤
[A:༣༦༤]བྱེད་དུ་བཅུག་པས་སླ་བ་འདུག་གསུངས། ། འདི་ཉིད་ཤར་ནུབ་ལ་སོགས་པའི་ཆོས་སྡེའི་ཆགས་སྡང་གིས་དམ་སེལ་དང་ཁེངས་གྲགས་ལ་སོགས་པ་འཇིག་རྟེན་ཆོས་བརྒྱད་ཀྱི་རྣམ་གཞག་སྤངས་པ་ཞིག་སྟེ། བླ་མའི་ཐུགས་ཀྱི་སྲས་གཅིག་པུར་གྱུར་ཀྱང༌། ཀུ་སུ་ལུ་ཕལ་པའི་རྣམ་པ། ན་བཟའ་ཚུན་ཆོད་ཀྱང་ངན་པ་ལས་མི་གསོལ་བས། འཕགས་པའི་གསུང་གིས། ཞང་དཀོན་མཆོག་དཔལ་འདི་ཡང་གོ་ལག་རེ་ཡང་ཐད་ཀ་རི་གོན་པས་ཆོག་པ་ལ། མི་ཁྱུ་རུ་མི་ཆུད་པ་རེ་བྱེད་ཀྱིན་འདུག་གསུངས་ཏེ། ཆོས་བརྒྱད་ཀྱི་བྱ་བ་སྤངས་པས་རྣམ་པར་ཐར་པ་ཤིན་ཏུ་གཙང་ཞིང་ཆོས་ལ་བསྲེ་བསླད་དང༌། རང་བཟོ་མེད་པ་བླ་མ་བརྒྱུད་པ་ནས་བརྒྱུད་པའི་དྲུང་དུ་རིམ་པར་དཀའ་བ་སྤྱད་ཅིང༌། ཕ་དང་བུའི་ཚུལ་དུ་ཐུགས་ཀྱི་སྲས་སུ་གྱུར་པས་བྱིན་རླབས་ཀྱི་དྲོད་མ་ཡལ་བ། བླ་མའི་གསུང་དང༌། ལག་ལེན་ཁོ་ན་བཞིན་བྱེད་པས་ཆོས་ལུགས་འཛིན་པ་ཀུན་གྱི་ནང་ནས་ཞང་པ་ཁོ་ན་མཆོག་གཅིག་པུ་ཡིན་གསུང༌། ཡོན་ཏན་བརྙེས་ཚུལ་ལ་གཉིས་ཏེ། ལུང་གི་ཡོན་ཏན་ནི། དེ་ཡང་བླ་མ་དང་འཇལ་མ་ཁད་ནས་གཞུང་ཁྲིད་ཀྱི་སྔོན་འགྲོ་བཙུགས་ཏེ། མདོ་ཁམས་ནས་ས་སྐྱའི་བར་ལ་ལོ་གསུམ་འགོར། དེའི་བར་ལ་ཁྲིད་རྣམས་རྫོགས་པར་མཛད། དེ་ནས་རིམ་གྱིས་གཞུང་བཤད་དང༌། མན་ངག་ཕྲན་ཚེགས་རྣམས་རྫོགས་པར་གནང་ཞིང༌། གཞན་ཡང་བདེ་མཆོག་ལོ་ནག་དྲིལ་གསུམ། དུས་ཀྱི་འཁོར་ལོ། གསང་བ་འདུས་པ་འཕགས་ལུགས། ཞབས་ལུགས། སྒྲོལ་མ་ཕྱི་ནང༌། གཤིན་རྗེའི་གཤེད་ཀྱི་སྐོར་ལ་སོགས་པ། ས་སྐྱ་པའི་ཕག་མོ་སྐོར་གསུམ། ལྕགས་རི་མི་འདའ་བའི་ཟབ་ཆོས་བཞི་ལ་སོགས་པ། དབང་བྱིན་རླབས། རྒྱུད་མན་ངག་ལ་སོགས་པ་ཆོས་ཀྱི་རྒྱལ་པོ་ཉིད་ལ་མངའ་བ་ཕལ་མོ་ཆེ་གསན་ཅིང་བསྐྱེད་རྫོགས་ལག་ལེན་མཐོང་བ་རྒྱུད་པ་མ་ཉམས་པ། ཇི་ལྟ་བ་བཞིན་ཐུགས་སུ་ཆུད་པར་མཛད་དོ། །ཏིང་ངེ་འཛིན་དང་རྟོགས་པའི་ཡོན་ཏན་ཇི་ལྟར་བརྙེས་ན། ཉིན་མཚན་ཁོར་ཡུག་ཏུ་ཆོས་སྤྱོད་