R30: ཞང་དཀོན་མཆོག་དཔལ་བའི་རྣམ་ཐར།

  • Pagination (Witness A): ༣༦༥
[A:༣༦༥]ཐུགས་དམ། གཞན་དོན་གྱིས་དུས་འདའ་བས་གོ་ཆ་དང་སྦྱོར་བའི་བརྩོན་འགྲུས་ཕུལ་དུ་ཕྱིན་པ་མངའ་སྟེ། ཉིན་པར་ཕལ་ཆེར་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་ཁོ་ན་ལྷུར་ལེན་ཅིང༌། མཚན་མོའི་ཆ་ལ་ཕལ་ཆེར་གཉིད་ལ་སོགས་པ་དོན་མེད་ཀྱི་དུས་འདའ་བ་ལས་མི་འདུག་པ་ལ་དགོངས་ནས། ཆོས་གསུང་བ་དང༌། མགྲོན་སྐྱོང་ལ་སོགས་པ་གཞན་དོན་རྣམས་ཀྱིས་མཚན་མོའི་དུས་འདའ་བར་མཛད་པས་ཞབས་ཏོག་ཤིན་ཏུ་དཀའ་གསུང་སྟེ། ཆོས་རྗེ་བྲག་ཕུག་པ་དེ་ཉིད་བླ་མ་དམ་པ་དེ་ཉིད་ཀྱི་སྣག་དབོན་ཡིན་པས་ཆུང་ངུ་ན་ཞབས་ཏོག་ལ་ཁྲིད། བདེ་བར་གཤེགས་ཀྱི་བར་ལ་ཉེ་གནས་མཛད། མགྲོན་སྐྱོང་ཚོ་ནུབ་མོ་མཛད་པས་ཇ་འདྲེན་པ་དེ་ཤིན་ཏུ་དཀའ་མོ་ཅིག་ཡོད་གསུངས། བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་བརྟན་པོ་མངའ། བསམས་ན་ཤེས་པའི་མངོན་པར་ཤེས་པ་མངའ་བས་མ་འོངས་པ་ལུང་སྟོན་པ་ལ་སོགས་པ་ཡོད་གསུང༌། གཞན་དོན་མཛད་ནས་ཇི་ལྟར་འཕེལ་ཚུལ་ནི། དབུས་ཀྱི་དགའ་ལྡན་དུ་ཡུན་རིང་དུ་བཞུགས། འགྲོ་དོན་ཡང་ཆེན་པོ་བྱུང༌། གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ལམ་ལ་བཀོད་དེ། ཁྱད་པར་དུ་ཆོས་རྗེ་བྲག་ཕུག་པ་ཉིད་གདུལ་བྱ་མཆོག་ཏུ་གྱུར་པའི་ལས་ཅན་དུ་གཟིགས་ནས། རྟེན་འབྲེལ་ཕུན་སུམ་ཚོགས་པ་བསྒྲིག་པའི་ཕྱིར། ཡུན་རིང་དུ་ཞབས་ཏོག་ལ་དཀའ་བ་སྤྱོད་དུ་བཅུག་སྟེ། ཞབས་ཏོག་ཤིན་ཏུ་དཀའ་བ་ལྟར་སྟོན་པ་དང༌། བཀའ་བཀྱོན་དང་ཞལ་ཉོད་ཤིན་ཏུ་ཆེ་བ། ཁྱད་པར་དུ་དང་པོ་ཆོས་སྔོན་མ་ཞུས་དུས་ཡེ་གནང་དུ་མ་འདོད། དགེ་བཤེས་དང་ཆོས་ཞུ་བ་མང་པོའི་ཞོར་བྱུང་བ་རྣམས་ལ་ཡང༌། བདག་ལ་ཡང་ཐུགས་རྗེས་འཛིན་པར་ཞུ་བྱས་ཀྱིན་མཆོད་གཡོག་ཀྱང་བྱེད་དགོས་ཀྱིན་ཡོད་པས། གསེབ་ཏུ་ཞུགས་ཀྱང་བུ་ཚ་ཁྱོད་ཅི་བྱེད་གསུང་གིན་ཡེ་གནང་དུ་མ་འདོད་པས་ཞུུ་མ་ནུས་པར་ཁོ་ཐག་བཅད་པ་ལས་མེད་པ་ལ། དུས་ཕྱིས་བླ་མ་དགའ་ལྡན་པ་ཀུན་བསོད་ལ་སོགས་པ་དང༌། དབུས་གཙང་གི་དགེ་བའི་བཤེས་གཉེན་བུ་ཆེན་བླ་མ་མཉེས་པོ་ཐུགས་ཟིན་མང་རབ་