[A:༣༨༤]སོགས་པ་རིམ་གཉིས་ཀྱིས་དགོངས་མོའི་བར་དུས་འདའ་ལ། དགོངས་ཐུན་ལ་ཀྱེའི་རྡོ་རྗེའི་མངོན་རྟོགས་ཞུ་འབུལ་ནས་བརྩམས་ཏེ་བསྔོ་བ་སྨོན་ལམ་ལ་སོགས་པའི་བར་ཚོགས་ཀྱི་འཁོར་ལོ་རྒྱས་པ་བཞིན་ལམ་དུས་ཀྱི་དབང་རྒྱས་པར་ལེན་པ་དང་བཅས་པ་རྟག་ཏུ་མཛད་དོ། །མཆོད་པ་གྲོལ་ནས་ཡན་ལག་བདུན་པ་རྒྱས་པ་དང༌། ལུས་སྦྱོང་ལ་སོགས་པ་དང༌། ཏིང་ངེ་འཛིན་ཟབ་མོ་བསྒོམ་པ་ལ་སོགས་པས་ནམ་ཕྱེད་ཡོལ་གྱི་བར་དུས་འདའ་བར་མཛད་དེ། མདོར་ན་དགུང་ལོ་བཅུ་དགུ་པ་ནས། སྐུ་ཚེ་གང་པོ་ལ་ཉིན་ཞག་ཕྲུགས་གཅིག་ལ་ཐུགས་དམ་མ་གཡེལ་བ་དང༌། དུས་དོན་མེད་དུ་འདའ་བ་སྐད་ཅིག་ཀྱང་མི་སྣང་ངོ༌། །ལོ་ལྔའི་གོང་ནས་ཀྱང༌། དྲུང་ན་ཡོད་པ་འགའ་རེ་ལ། ལོ་བཞི་ལྔ་ངའི་རྩ་རུ་སྡོད། དེ་ནས་གང་བདེ་བྱས་པས་ཆོག་པ་འདུག་གི་གསུངས་པ་དང༌། ལྐོག་གྱུར་ལུང་སྟོན་པ་ལ་སོགས་པའི་མངོན་པར་ཤེས་པ་མངའ་བ་ཡང་མང་དུ་མཐོང་ངོ༌། །གཞན་དོན་ཇི་ལྟར་མཛད་པའི་ཚུལ་ནི། དུས་ཕྱིས་ན་བཟའ་བྲག་ཕུག་གི་གདན་ས་བྱེད་དགོས་གསུངས་ན་ཡང༌། ཐུགས་ཀྱིས་མ་ལོངས་པས་ཐབས་ཀྱིས་འཛུར་བ་ལ། ཚ་མོ་རོང་ན་བཞུགས་ཀྱིན་ཡོད་པ་ལས། ཆོས་རྗེ་བྲག་ཕུག་པ་བསྙུང་གིན་ཡོད་པས་ཤོག་གསུངས་པའི་གསུང་ཤོག་ཅིག་བྱུང་ནས། བང་ཆེན་པ་ལ་དྲིས་ནས་བླ་མ་མངའ་རིས་པ་བྱ་བའི་བུ་ཆེན་གདན་ས་པའི་འོས་ཅིག་ཡོད་པ་ཡང་གྲོངས་ཟེར་བས། ཁོང་མ་གྲོངས་ན་མ་ཕྱིན་ཀྱང་ཆོག་པ་ལ་ད་མི་འགྲོ་ཀ་མེད་ཡིན། ཆོས་རྗེ་རང་བདེ་བར་གཤེགས་སམ་དགོངས་ནས་བྱོན་པས་ཆོས་རྗེ་བདེ་བར་གཤེགས་འདུག །དགེ་འདུན་བྱིངས་ཀྱིས་བསུ་བ་བྱེད་པ། མང་ཇ་བསྐོལ་བ་དུས་གཅིག་བྱས་ཕེབས་མ་ཁད་ཁྲི་ཐོག་ཏུ་བཞག །ཆོས་རྗེ་པའི་ཞལ་ད་གསུང་ཤོག་ཐམས་ཅད་ཁྱེད་ལ་བཞག་པ་ཡིན་ནོ་ཟེར། ཐམས་ཅད་ཀྱིས་གདན་སར་ཞུ་འབུལ་བྱས་ཏེ། དང་པོ་གདན་ས་ལ་བཟུར་ཡང་སྟབས་མ་བྱུང་བས། ཆོས་རྗེ་བའི་གཤེགས་བརྫངས་རྒྱ་ཆེན་པོ། ནང་རྟེན་ཕྱི་རྟེན་བཞེངས་དཀར་