R32: རི་ཁྲོད་པ་ཆེན་པོ་བློ་གྲོས་བརྟན་པའི་རྣམ་ཐར།

  • Pagination (Witness A): ༣༨༣
[A:༣༨༣]དག་པ་ཞུས། མདོ་རྩ་ལ་སོགས་པ་ཆོས་མང་དུ་གསན། ཡང་ཆོས་རྗེ་ཟླ་སེང་པ་ལས། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་ཞུས་ཏེ་རྟོགས་པ་ཁྱད་པར་ཅན་ངོ་འཕྲོད་པ་བྱུང་གསུངས། ཆོས་རྗེ་བསོད་ནམས་རྒྱལ་མཚན་པ་ལས་བདེ་མཆོག་བདེ་རལ་ལ་སོགས་པ་གསན། བླ་མ་ཤེས་རིན་པ་ལས་དགྲ་ནག་ཞང་ལུགས་ཀྱི་དབང་ལ་སོགས་པ་དང༌། ཡུལ་ཆུང་བ་ལས་ཕྱག་རྡོར་དྲག་པོ་གསུམ་སྦྲེལ་གྱི་དབང་གསན་ནོ། །རྟོགས་པའི་ཡོན་ཏན་ནི། ལུང་རིགས་ཀྱི་སྒོ་ནས་ཤེས་བྱ་ལ་བློ་གྲོས་ཕུལ་དུ་ཕྱིན་ཅིང་སྒྲོ་འདོགས་ཆོད་པས་ནང་ཏིང་ངེ་འཛིན་བསྒོམ་པ་ལ་མཆོག་ཏུ་གཞོལ་ཞིང༌། འཁོར་འདས་དབྱེར་མེད་ཀྱི་ལྟ་བ་རྣམ་པར་དག་པ་རྟོགས་ཏེ་སྤྱོད་ལམ་རྣམ་བཞི་ཐམས་ཅད་དུ་དེའི་ངང་ལས་གཡོ་བ་མི་མངའ་ཞིང༌། དེའི་ངང་ནས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟ་བུའི་བྱམས་པ་དང༌། སྙིང་རྗེ་དང༌། བྱང་ཆུབ་ཀྱི་སེམས་བརྟན་པོས་གཞན་གྱི་ནད་དང་སྡུག་བསྔལ་ཅུང་ཟད་ལེན་ནུས་པ་ལ་སོགས་པ་བདག་གཞན་བརྗེ་བ་དང༌། གཞན་རྒྱུད་སྨིན་ཅིང་གྲོལ་བར་བྱེད་པ་ལ། རང་གི་གཅེས་པར་འཛིན་པ་དོར་ནས། གང་གིས་འདུལ་བའི་ཐབས་ལ་མཁས་པ་དང༌། ཐུགས་དམ་གྱི་རིམ་པ་ཐོ་རངས་ཀྱི་ཆ་ལ་བླ་མའི་རྣལ་འབྱོར་དང་གསོལ་བ་འདེབས་པ། རླུང་གི་རྣལ་འབྱོར། འཁོར་ལོ་སྡོམ་པ། ཕག་མོ་མཁའ་སྤྱོད། འཇམ་དཔལ། སྒྲོལ་མ། རྣམ་རྒྱལ་ལ་སོགས་པའི་ཐུགས་དམ་གྱི་ལྷ་མང་པོའི་སྒོམ་བཟླས་ལམ་འབྲས་ཀྱི་འཁྲུལ་འཁོར་ལ་སོགས་པ། ཉི་མ་ཕྱེད་ཡན་ཆད་གཟིམས་མལ་ཁོ་ན་རུ་བཞུགས་ནས་ཕྱེད་མཚམས་མཛད། དེ་ནས་སྐུ་ཚགས་མཛད། འཇམ་དཔལ་ལ་སོགས་པའི་ཞལ་བཏོན་དང་བསྐོར་བ་ལ་སོགས་པ་མང་དུ་མཛད། ཆོས་སྟོན་གྱི་རྗེས་ལ་རྒྱུན་གཏོར་གྱི་རིམ་པ་དང༌། མདོ་སྒྲུབ་ལ་སོགས་པ་ཆོས་སྤྱོད་ཀྱི་རིམ་པ་མཛད་ནས་ཆོས་གསུངས་པ་ལ་སོགས་པ་རྣམས་ཇི་སྐད་མཛད་ཅིང༌། ཡང་ན་གཤིན་རྗེའི་གཤེད་ལ་སོགས་པ་དང༌། དགེས་པ་རྡོ་རྗེ་ལ་