R32: རི་ཁྲོད་པ་ཆེན་པོ་བློ་གྲོས་བརྟན་པའི་རྣམ་ཐར།

  • Pagination (Witness A): ༣༧༦
[A:༣༧༦]འོང་དུ་མི་འདོད། ཆོས་ཀྱི་བག་ཆགས་ཤིན་ཏུ་ཆེ་བ་ཅིག་ཡོད་སྐད། དགུང་ལོ་བརྒྱད་པ་ཡན་ཆོད་ལ་ཡབ་དང་ཡུམ་འདས། ཡུམ་ཤི་ཙ་ན་བསྲེག་གིན་འདུག་པ་ལ་མ་ཤི་འདུག་སྐྱོན་ཆེ་སྙམ་པ་ཅིག་བྱུང༌། དེ་མ་གཏོགས་ད་ཨ་མ་ནི་ཤི། ང་རང་ཆོས་ལ་ཕྱིན་པས་ཆོག་སྙམ་དགའ་སྤྲོ་བྱས་གསུངས། བླ་མ་བསྟེན་ཏེ་དཀའ་བ་སྤྱད་ཚུལ་ནི། དེ་ནས་ཨ་ཁུ་བླ་མ་གྲུབ་རྒྱལ་བ་བྱ་བའི་ཆོས་པ་བཟང་པོ་ཅིག་ཡོད་པས། དེས་ཁྲིད་ནས་ཟར་ཕྱོགས་ཀྱི་དགོན་པ་ཐར་པ་གླིང་དུ་བྱོན། མཁན་པོ་བ་རི་བ་དང༌། སློབ་དཔོན་རྟོག་གེ་བ་ནམ་མཁའ་རྡོ་རྗེ་གཉིས་ལས་རབ་ཏུ་བྱུང་སྟེ། མཚན་ཡང་བློ་གྲོས་བརྟན་པ་བྱ་བར་བཏགས་སོ། །དེར་ལོ་བཞི་བཞུགས། ཀློག་ཡིག་བསླབས། བྱ་ཆ་ཆོས་སྤྱོད་ཀྱི་རིམ་པ་དང་སྤྱོད་འཇུག་ལ་ནན་ཏན་མཛད། དགོན་པ་དེའི་བླ་མ་སྒྲུབ་ཆེན་པ་བྱ་བ་སྤྱིལ་དཀར་བའི་བུ་ཆེན་སྐྱེ་བ་སྔ་ཕྱི་དྲན་པ་གདུལ་བྱ་ཅན་ཅིག་བཞུགས། དེའི་སྐུ་ཉེ་རུ་ཡང་འོང་པས་བླ་མ་དེ་ཤིན་ཏུ་མཉེས་ཏེ། ཕྱག་རྡོར་གཏུམ་པོའི་དབང་དང༌། རི་ཆོས་སྐོར་གསུམ་ལ་སོགས་པ་ཆོས་འདྲ་ཡང་གསན། དགུང་ལོ་བཅུ་གཉིས་པ་ལ་བོ་དོང་ཨེ་རུ་སློབ་དཔོན་རྟོག་གེ་བ་བྱ་བའི་ཕྱི་ལ་ཚད་མ་རྣམ་ངེས་སློབ་ཏུ་བྱོན་པས། ཨེ་རུ་སླེབ་པའི་སང་མང་ཇ་ཅིག་འདུག་པས་གྲལ་ན་ཡར་བྱོན་ནས། ཉིད་ཅག་གིས་འདི་ཚོ་ན་སྤྱོད་འཇུག་འདྲ་ཤེས་པ་བདོག་གེ་ཅེས་ཤེར་ལེའི་གཞུང་ཅིག་བཏོན་ནས། འདི་ལ་སྦྱོར་བ་ཅིག་བཀོད་མཛད་བྱས་ཀྱིན་ཡར་འཆམ་མར་འཆམ་མཛད་པས། ལ་ལ་ན་རེ་གྲལ་མགོ་ཡ་གི་ན་ཡར་བཞུད་ཟེར། གྲལ་ཕུག་ཅིག་ན་རྒྱལ་སྲས་ཐོགས་མེད་པ་བཞུགས་པས། འམ་བུ་ལགས་ཀྱི་འདི་རུ་བྱོན་གསུངས་ནས་སྒྲོགས་གླེང་མཛད་པས། ཁོང་བ་རྒྱལ་ནས་མཆོད་ཡར་དང་ཞལ་ཚབས་མང་པོ་བཏོན་པས། གྲྭ་སྐོར་བ་ཕུ་རུང་མ་གྱོན་པ་དེ་སུ་གང་བ་ཅིག་ཡིན་ནམ་ཤེས་རབ་ཅན་ཅིག་འདུག་ཟེར་ཏེ་ཐམས་ཅད་ངོ་མཚར་བར་གྱུར་ནས་མཁས་པའི་གྲགས་པ་དེ་ཉིད་ནས་ཐོབ། གཡས་གཡོན་ནས་གྲྭ་སྐོར་བ་འོངས་པ་རྣམས་ཀྱང༌། སློབ་