[A:༣༧༧]དཔོན་གྱི་དཔོན་པོ་ཅིག་ཡོད་པ་དང་གཉིས་ལ། བོ་དོང་ནས་བཙུན་ཆུང་གཉིས་ཡོད། དེ་གཉིས་ལ་གཟབ་དགོས་གཞན་ལ་འཇིགས་པ་མེད་ཟེར་ཏེ། དེ་དུས་ཀྱི་སྟོན་པ་བཟང་ཤོས་སུ་གྲགས་སོ། །ལོ་གསུམ་གྱི་བར་ལ་ཕ་མ་ལ་སོགས་ཀྱིས་འཚོ་བ་སྐྱེལ་བ་ཆེར་མེད་པས། སྤྱིའི་ཐུགས་ཚུལ་ལ་བརྟེན་ནས་དཀའ་བ་སྤྱད་དེ་ཚད་མ་དང་མངོན་པ་ལ་གསན་སྦྱོང་མཐར་ཕྱིན་པར་མཛད་དོ། །བཤད་གསར་དང་རྣམ་གཞག་ལ་སོགས་པ་ཕུན་སུམ་ཚོགས་པ་ཡང་ཨ་ཁུས་བསྒྲུབས། དགུང་ལོ་བཅོ་ལྔ་པ་ལ་གྲྭ་སྐོར་མཛད་པས་མཁས་པ་ཆེན་པོ་ཐམས་ཅད་ཀྱང་བསྔགས་པ་བརྗོད་ཅིང༌། འཇམ་དབྱངས་དོན་ཡོད་རྒྱལ་མཚན་པས་འདི་སྐྱེས་བུ་གཞན་དང་མི་མཉམ་པའི་བློ་གྲོས་ཅན་ཡིན། འདི་ལ་བློ་གྲོས་མཚུངས་མེད་ཟེར་བ་ཡིན་གསུངས་ནས་བློ་གྲོས་མཚུངས་མེད་ཅེས་གྲགས་སོ། །དགུང་ལོ་བཅུ་བདུན་པ། ད་ནི་འཆད་ཉན་ལ་སོགས་པའི་བྱ་བ་ཡང་དེ་ཙམ་ཡིན། མི་ཚེ་འཆད་ཉན་ལ་བསྐྱལ་ཀྱང་ཚད་མི་འདུག །ཉམས་ལེན་བསྒོམ་པ་ཐག་ཆོད་ཅིག་བྱ་དགོས་སྙམ་ནས་ཐར་པ་གླིང་དུ་བྱོན་ཟླ་བ་གཅིག་ཙམ་གཟིགས་རྟོག་འདྲ་མཛད་ཅིང་བཞུགས། དགུང་ལོ་བཅུ་དགུ་པའི་དུས་སུ་ཆོས་རྗེ་བྲག་ཁ་པའི་དྲུང་དུ་ཨ་ཁུས་ཁྲིད་ནས་མཇལ་དུ་བྱོན་པའི་དུས་སུ། ད་གཟོད་དང་སྒོམ་ཅིག་བྱེད་ཙ་ན་འདི་རུ་འོང་དགོས་སྙམ་པའི་འདུན་པ་དྲག་པོ་དུང་དུང་བ་སྐྱེས་པས། ད་བྲག་ཁར་སྒོམ་ཅིག་ལ་འགྲོ་དགོས་སྙམ་ཡོད་ཙ་ན། འཇམ་དབྱངས་དོན་ཡོད་པས་བང་ཆེན་དང་གསུང་ཤོག་མཛད་ནས་ཤོག་གསུངས་པ་བྱུང༌། ཨེ་རུ་བཤད་པ་གྱིས་གསུངས་ཀ་ཡིན་འོང་སྙམ་བྱོན་པས་གསེར་ཞོ་གང་གནང༌། འདི་ལ་བརྒྱགས་ཅིག་བསྒྲུབས་ལ་ཞག་འགའ་ས་སྐྱར་སྡོད་ཅིག་གསུངས་ནས་ཁོང་པའི་སྒྲོགས་གླེང་རྩི་རོགས་བྱེད་ཀྱིན་བཞུགས། ད་བརྒྱགས་ཕྱེ་ཡང་ཟད་ཀྱིན་གདའ། ཞལ་ད་བདོག་ན་གནང་བར་ཞུ་ཞུས་པས། ཡང་གསེར་ཞོ་གང་གནང་ནས་ཞག་འགའ་སྡོད་གསུངས། དེ་ནས་ཞག་འགའ་བསྡད་ནས་