[A:༣༨༠]གྲོགས་སུ་འགྲོ་ན་བདག་འཛིན་ཅན་ཇོ་ངན་ཟེར་ཡང་དོན་གོ་ཆོས་སུ་འགྲོ་ན་མི་ཁ་ལ་ངེས་པ་མེད་གསུང་ངོ༌། །ཆོས་པས་དངོས་པོ་འཆང་ཆེན་དང་སྡིག་ནོར་ཉ་ར་མི་བྱ། ཕུག་ཕན་ཐོགས་པའི་ཏིག་པ་མེད། དེའི་ཉ་རས་ལྐོག་དགྲ་བསོགས་པས་སོ། །ལོ་རེ་ཙམ་གྱི་ཆོས་མཐུན་གྱི་འཚོ་བའི་ཡོ་བྱད་མ་གཏོགས་པ། ལྷག་པོ་དེ་ཆོས་པའི་འཆིང་བྱེད་ཡིན་པས་མི་བཅང་གསུངས་ནས་དངོས་པོ་ལ་འཛིན་ཆགས་མི་མཛད་དོ། །དེ་ནས་ལོ་གསུམ་ཙམ་སོང་བ་དང༌། འཇམ་དབྱངས་དོན་ཡོད་པ་ཧོར་ལ་འགྲོ་བའི་ཞབས་ཏོག་ལ་ཆོས་རྗེ་པའི་དྲུང་དུ་ངོ་ཆེན་དང་ཞུ་ཡིག་མཛད་ནས་ཤོག་གསུངས་པ་ལ་ཆོས་རྗེ་པའི་དྲུང་དུ་མི་འགྲོ་ཞུས་པས། དེ་མ་ཟེར་ངེད་ཀྱང་སློབ་དཔོན་ཡིན་པ་དང༌། ཁྱེད་རང་ཡང་ཐུགས་སྣང་དག་པས། ད་ལན་འགྲོ་དགོས་གསུངས་ནས་ཆོས་རྗེ་པའི་གསུང་མ་ཁྱོགས་པར་བྱོན། འཇམ་དབྱངས་པ་ཉིད་ཅག་ནི་ད་གཟོད་ཧོར་གྱིས་ཟིན་པ་ཅིག་འོང༌། ནམ་ཟིན་པའི་དུས་སུ་རྒྱ་ཡུལ་དུ་འགྲོ་དགོས་བྱ་བ་ལ་སོགས་དགེ་སྦྱོར་གྱི་གནས་སུ་གྲོལ་བའི་ཞལ་དགང་ཡང་མི་གནང་ན་དེ་བར་ཞབས་ཏོག་བྱེད་པར་ཞུ་ཞུས་ནས་ཆད་སོ་མཛད། དེ་ནས་ལོ་གསུམ་ཙམ་གྱི་བར་ལ་དབུས་གཙང་གི་རི་ཁྲོད་དབེན་ས་མང་པོར་བྱོན། འཇམ་དབྱངས་པ་དང་སྐྱེ་བ་སྔོན་གྱི་རྟེན་འབྲེལ་ལྟ་བུ་ཤིན་ཏུ་མཉེས་ཤིང་ཐུགས་ལ་འདོགས་པ་འབྲལ་མི་ཕོད་པ་ལྟ་བུ་མཛད་པ་ཅིག་ཡོད། དེ་ཉིད་ལས་ཀྱང་དབུ་མ་སྟོད་སྐོར་ལ་སོགས་པ་དང༌། རྣམ་འགྲེལ་གསན། སྐབས་ཅིག་གི་ཚེ། ན་བཟའ་བྲག་ཕུག་ཏུ་བརྒྱུགས་ལ། སྦས་བཤད་ལ་སོགས་ལམ་འབྲས་ཀྱི་འཁྲུལ་འཁོར་རྣམས་སློབས་ལ་ཤོག་གསུངས་ནས་ཆས་ཀ་བསྐུར། འཇམ་དབྱངས་པ་སྔར་ཡང་བྲག་ཕུག་པའི་སློབ་མ་ཡིན་པས། ཁོང་པ་ལ་ཡང་དེ་པ་བཟང་པོ་ཡིན་གྱིས་ད་ལེན་དབང་ཅིག་ཅིས་ཀྱང་ཞུས་ཤིག །དེ་ནས་ཁྱེད་རང་ཡང་མོས་གུས་ཚུགས་པ་ཅིག་འོང་གིས་གསུངས་ནས་བྱོན། ཆས་ཀ་གསེར་ཞོ་གང་ནང་དུ་སྤྲད། བདེ་མཆོག་ལུས་དཀྱིལ་གྱི་དབང་ཅིག་གནང་དེའི་དགོངས་མོ་ཚོགས་པ་བྱིངས་ལ་ཡང་ཁོང་པའི་དབང་གི་དགའ་སྟོན་ཡིན་གསུངས་ནས་ནང་