R32: རི་ཁྲོད་པ་ཆེན་པོ་བློ་གྲོས་བརྟན་པའི་རྣམ་ཐར།

  • Pagination (Witness A): ༣༨༡
[A:༣༨༡]ནས་མཆོད་པ་བཟང་པོ་ཅིག་གནང་གིན་འདུག །བདག་ཅག་གི་རྒྱུ་ཆ་མེད་པའི་བྱིངས་པོ་ལ་མཆོད་པ་གནང་བ་མི་མཆི་ཞུས་པས་རྒྱུ་ཆ་རང་རེ་ཁྱད་མེད་རྟེན་འབྲེལ་ཅིག་ཡོད་པ་ཡིན་གྱི་གསུངས་ནས་མི་གསན་འདུག །དབང་དེ་ཞུས་ནས་རྡོ་རྗེ་འཆང་དངོས་ཀྱི་མོས་པ་ཁྱད་པར་ཅན་འཁྲུངས། ལམ་འབྲས་ཀྱི་འཁྲུལ་འཁོར་རྣམས་ཀྱང་ཞག་ལྔ་ཙམ་གྱི་བར་ལ་བཞུགས་ནས་ཞུས། བསྟན་པ་ཙམ་གྱིས་ཇི་ལྟ་བ་བཞིན་དུ་མཁྱེན་པས་སྒོམ་ཆེན་ཀུན་ན་རེ། ལ་ལས་ཡུན་རིང་པོ་བསླབས་པའི་མི་ཤེས་པ་ཚོ་ཁོས་ཞག་གསུམ་ལ་སྤྱད་ཟེར་རོ། དེ་ནས་འཇམ་དབྱངས་པ་དང་གཉིས་ཀ་ལམ་འབྲས་ལ་ཐུགས་འདུན་ཆེར་ཡོད་པས་ཞུ་བ་ལ་ན་བཟའ་བྲག་ཕུག་ཏུ་ཟླ་བ་གཅིག་ཙམ་གྱི་སྔོན་ལ་བྱོན། འཇམ་དབྱངས་པ་འབྱོན་པའི་ཞུ་བ་དང༌། ཁོང་པ་རང་སྔ་མགྱོགས་སུ་ཉམས་ཁྲིད་ཞུ་བ་ལ་བྱོན། གཅིག་པུ་ལ་གཞུང་ཁྲིད་རྒྱས་པར་གསུང་སྒྲོས་མན་ངག །དམར་ཁྲིད་ལག་ལེན་མཛུབ་ཁྲིད་དུ་མཛད་ནས་ལྷག་མ་མེད་པར་ཉམས་ཁྲིད་དུ་ཞུས། འཇམ་དབྱངས་པ་ཕེབས་ནས་ཆོས་རྗེ་དཔོན་སློབ་གཉིས་ཀྱིས་ཞུ་བའི་མཚམས་སྦྱོར་ཚོ་ཁོང་པས་མཛད་ནས་ལམ་འབྲས་ལམ་སྐོར་དང་བཅས་པའི་བཀའ་ལུང་མན་ངག་ཐམས་ཅད་རྫོགས་པར་ཞུས་ཤིང༌། ཆོས་རྗེས་ཀྱང་ཆོས་བདག་པོ་ལ་འཕྲོད་པ་ཡིན་ནོ་གསུངས་ནས་དགེས་བཞིན་དུ་གནང༌། ལམ་འབྲས་ལ་འཇམ་དབྱངས་པའི་དུས་དེ་ལས་རྒྱས་པ་དང་ཞིབ་པ་གསུང་བ་མ་མཐོང་གསུངས། འཇམ་དབྱངས་པ་ཧོར་གྱིས་ཟིན་པ་དང་འགྲོ་བར་ཞུ་བྱས་གནང་ན་ཡང༌། མ་གཅིག་པ་ལ་སོགས་པ་གཞན་དག་ཁོང་པ་ཞབས་ཏོག་ལ་མི་འགྲོ་ཀ་མེད་ཡིན་ཟེར་བས། རེས་ཅིག་འབྲིང་མཚམས་ཀྱི་བ་རི་སྤྱིལ་དཀར་དུ་སྐུ་མཚམས་ལ་བྱོན། བ་རི་རིན་པོ་ཆེ་ཁུ་དབོན་གཉིས་ཀྱིས་བཙུན་པ་གཞོན་པ་མང་པོ་སྤྲད། ཚད་མའི་སྒྲོགས་གླེང་འདྲ་བསླབ་དགོས་པ་བྱུང༌། ཆོས་སྐད་ཆགས་པ་ཡང་འགའ་རེ་བྱུང༌། འབྲིང་མཚམས་ཀྱི་དགོན་པ་རྣམས་སུ་སྒྲོགས་གླེང་བྱེད་པ་ཡང་མང་པོ་བྱུང་བས། བ་རི་བ་ཡང་མཉེས་ཤིང་རྒྱ་གར་གྱི་