[A:༣༨༢]གཞུང་འགྲེལ་ལ་སོགས་པ་མང་པོ་གསན་ཡང་བྲག་ཁར་བྱོན། དེ་ཉིད་ལས་དུས་ཀྱི་འཁོར་ལོའི་དབང་ཡོངས་རྫོགས། སྦྱོར་དྲུག་གི་ཁྲིད་ཡོངས་སུ་རྫོགས་པ་ཆ་ལག་མང་པོ་དང་བཅས་པ། ཐུགས་རྗེ་ཆེན་པོའི་དམར་ཁྲིད། མ་གཅིག་གི་གཅོད་སྐོར། གཟེར་ལྔ་བཅུད་ལེན་དཀའ་ཐུབ་ཀྱི་སྐོར་མང་པོ། མན་ངག་ཕྲན་ཟབ་མོ་མང་དུ་ཞུས་ཤིང་བཞུགས་པས། དེར་བྲག་ཁའི་གདན་ས་གྱིས་ཆོས་རྗེ་པ་གསུང་ཡང་ཡང་འབྱོན་དུ་བྱུང་ན་ཡང་མ་མཛད། བླ་བྲང་དུ་སྡོད་ཅིག་གསུངས་ནས་ཐོག་རེ་བཞུགས། ཆོས་རྗེ་བདེ་བར་གཤེགས་ཁར་ཁོང་པ་བླ་བྲང་མཐིལ་ན་བཞུགས་ཀྱིན་ཡོད་པས། བསྙུང་གཡོག་ལ་སོགས་པའི་ཞབས་ཏོག་མཛད་བླ་མ་ཉིད་ཀྱི་སྐུ་པང་དུ་ཆོས་རྗེ་སྐུ་གཤེགས། སྐུ་ཞང་ཅིག་ཡོད་པ་དང༌། ཉེ་གནས་ཀུན་དགའ་དཔལ་དང་གསུམ་གྱིས་གཤེགས་རྫོང༌། གདན་ས་བཀོད་པ། ནང་རྟེན་ཕྱི་རྟེན་ཐམས་ཅད་གྲུབ་གྲུབ་ཀྱི་བར་ལ་ཁོང་པ་རང་གི་མཐིལ་དུ་བཞུགས་ནས། ཆོས་རྗེའི་ཐུགས་དགོངས་རྫོགས་པར་མཛད། ཕྱག་རྫས་གཅིག་ཏུ་བསྟབས་པ་ཡིན་ན་ཡང་མོས་གུས་ཀྱི་རྟེན་དུ། དུས་འཁོར་ཐུགས་དཀྱིལ་ཅིག །རྒྱུད་འགྲེལ་ལ་སོགས་པ་དུས་འཁོར་གྱི་ཕྱག་དཔེ་ཆ་ཚང་ཅིག །རྒྱན་དྲུག་གཅིག །ཕྱག་དྲིལ་གཅིག །ན་བཟའ་གཅིག་མ་གཏོགས་པར་གཞན་སེ་གཅིག་ཀྱང་མ་བཟུང༌། ཆོས་རྗེའི་གཤེགས་བརྫོངས་ལ་སོགས་ཐམས་ཅད་ཀྱི་ལྗགས་གཞི་གྲུབ་ནས། ན་བཟའ་བྲག་ཕུག་ཏུ་བྱོན་ནས། དེ་ཉིད་ལས་རྒྱུད་གསུམ་དང༌། བདེ་མཆོག་ནག་དྲིལ། གསང་འདུས་འཕགས་ལུགས། འཇིགས་བྱེད། གཤེད་དམར། སྒྲོལ་མ་ཕྱི་ནང༌། ཕག་མོ་སྐོར་གསུམ། ཞི་བྱེད་སོ་ལུགས། ཆོས་སྐྱོང་ཆེ་ཆུང་གི་རྗེས་གནང་ལ་སོགས་དང༌། དབང་བྱིན་རླབས། ལུང་མན་ངག་སྒྲུབ་སྐོར་ཆ་ལག་དང་བཅས་པ་མ་ལུས་པ་བུམ་པ་གང་བྱོའི་ཚུལ་དུ་ཞུས་ཤིང་མཐོང་བ་བརྒྱུད་པའི་ཕྱག་ལེན་རྣམས་སྒྲོ་སྐུར་སྤངས་ནས་ཐུགས་སུ་ཆུད་པར་མཛད། ཡང་མཁན་ཆེན་བསོད་ནམས་གྲགས་པའི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་རྣམ་པར་