R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤བ
[A:༤བ]གྱི་སྡོམ་པ། མི་ཚངས་སྤྱོད་སྤོངས་པའི་དགེ་བསྙེན་གྱི་བསླབ་པ་རྣམས་ཕུལ་ཏེ། རྩ་བ་བཞི་ཆང་དང་ལྔ་སྤོང་པའི་ཡོངས་རྫོགས་དགེ་བསྙེན་དུ་བཟུང་བར་གསོལ་ནས། དེ་ཕྱིན་ཆད་དགེ་བསྙེན་རྡོ་རྗེ་འཛིན་པའི་མིང་བཏགས་ཙམ་དུ་ཁས་འཆེ་བའི་སྡོམ་རྒྱུན་གྱི་བརྒྱུད་པ་ནི་གོང་དུ་བཤད་པ་དེ་དག་གིས་ཤེས་སོ། །འབུལ་ཆོག་དེ་ནི་བུ་སྟོན་རིན་པོ་ཆེའི་འདུལ་ཊཱིཀ་ཆེན་མོ། འཕགས་པ་རིན་པོ་ཆེའི་དངོས་སློབ་རྒྱ་བྱང་སེང་གི་འདུལ་ཊཱིཀ་ཤིན་ཏུ་གསལ་བ་དང་། སྒྲ་པ་ཤེས་རབ་རིན་ཆེན་གྱི་འདུལ་ཊཱིཀ་ངོ་མཚར་ཅན་སྒྲ་ཊཱིཀ་ཏུ་གྲགས་པ་རྣམས་ལ་ཞིབ་ཏུ་དཔྱད་ཅིང་། གཞན་ཡང་འདུལ་བའི་སྤྱི་ཊཱིཀ་ཚད་ཐུབ་དུ་མ་ལ་བརྟེན་ནས་མཐའ་ཆོད་པར་བྱས་པ་ཡིན་ནོ།། ༈ །།ཡང་རྒྱལ་བ་གཉིས་པ་རྗེ་བཙུན་ཐུགས་རྗེ་ཅན་མུས་པ་ཆེན་པོ་བུདྡྷའི་མཚན་ཅན་དེ་ཉིད་ཀྱི་དྲུང་དུ། བྱང་ཆུབ་སེམས་དཔའི་སྡོམ་པ་མནོས་པའི་ཚུལ་ནི། མངོན་པར་རྟོགས་པ་རིན་པོ་ཆེའི་ལྗོན་ཤིང་ལས། བླ་མ་གོང་མ་རྣམས་དབང་གི་སྔོན་དུ་ཐུན་མོང་མ་ཡིན་པའི་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ཙམ་མཛད་ཅེས་གསུངས་པ་དེའི་ཕྱག་ལེན་ཟུར་དུ་ཕྱུང་བའི། དབུ་སེམས་ཀྱི་ལུགས་ལས་ཁྱད་པར་དུ་འཕགས་པ། སློབ་དཔོན་ཀླུ་སྒྲུབ་ཀྱི་རྗེས་འབྲངས་ཇོ་བོ་ནཱ་རོ་ཏ་པ་ལ་སོགས་པས་བདེ་མཆོག་གི་དབང་གི་སྔོན་དུ་མཛད་པ་དང་། རྣལ་འབྱོར་དབང་ཕྱུག་གི་རྗེས་འབྲངས་ཇོ་བོ་ག་ཡ་དྷ་ར་ལ་སོགས་པས་ཀྱཻ་རྡོ་རྗེའི་དབང་གི་སྔོན་དུ་མཛད་པས་བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད་ཅེས་བྱ་བ། ལྟ་བའི་སྒོ་ནས་དབུ་མ་ལུགས་ཀྱི་སེམས་བསྐྱེད་དུ་བསྡུད་པ་ཙམ་ལས། ཐེག་ཆེན་ཐུན་མོང་བའི་མདོ་ཡི་རྗེས་སུ་འབྲངས་པ་ནི་མ་ཡིན་