R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤ན
[A:༤ན]སྤྱན་ལྡན་རྣམས་ཀྱི་ཐུགས་དགོངས་རྫོགས་ཕྱིར་དང་། སྤྱིར་སངས་རྒྱས་ཀྱི་བསྟན་པ། སེམས་ཅན་གྱི་བདེ་སྐྱིད། ལྷག་པར་དཔལ་ལྡན་ས་སྐྱ་པའི་བསྟན་པ་སྡེ་གདུང་བརྒྱུད་དང་བཅས་པ་སྙིང་ཁོང་བཅངས་པས་རང་ཉིད་གཅིག་པུ་ཞི་བདེ་དོན་གཉེར་གྱི་བློ་རྒྱང་རིང་དུ་སྤངས། ཐེག་ཆེན་སེམས་བསྐྱེད་ཀྱི་གོ་བགོས་ཏེ་ལྷག་བསམ་བཟང་པོས་ཀུན་ནས་བླངས་པའི་ཉན་ཐོས་འདུལ་བ་ནས་བཤད་པའི་བསྙེན་པར་རྫོགས་པ་དང་། དགེ་ཚུལ་དང་། ཚངས་སྤྱོད་ཀྱི་བསླབ་པ་ཇི་སྲིད་འཚོའི་བར་དུ་བསྲུང་བར་ཁས་བླངས་པ་དེ་ཉིད་དེ་ལས་ཉམས་པ་དང་། ཕྱིས་བླང་དུ་མེད་པ་སོགས་ཀྱི་ཉེས་པ་མི་འབྱུང་བའི་ཕྱིར་དམ་ཆོས་འདུལ་བ་རང་ནས་གསུངས་པ་ལྟར་གྱི་བསླབ་པ་འབུལ་ཆོག་ཚུལ་བཞིན་དུ་བགྱིས་ཏེ། དེ་ཡང་གང་ལ་འབུལ་བའི་ཡུལ་རང་གི་མཁན་པོའམ། བསླབ་པ་བགྲེས་པའི་དགེ་སློང་ལ་བྱ་བར་བཤད་ཀྱང་། སྔོན་སྔགས་འཆང་ཆོས་ཀྱི་རྒྱལ་པོས་དཔལ་ས་སྐྱའི་དབུ་རྩེ་རྙིང་མའི་འཇམ་དབྱངས་གཟི་འོད་འབར་བའི་དྲུང་དུ་འབུལ་བར་མཛད་འདུག་པ་བཞིན། ཡེ་ཤེས་སེམས་དཔའ་དངོས་དང་ཁྱད་པར་མེད་པའི་འཇམ་དབྱངས་ཀྱི་སྐུ་བརྙན་དེ་ཉིད་ཀྱི་དྲུང་དུ། ཆོས་རྗེ་ས་པཎ་གྱིས་དབུའི་གཙུག་ཕུད་ཕུལ་བའི་ཐུབ་དབང་རྡོ་རྗེ་གདན་ཆུང་མ་སྔར་རང་གིས་དགེ་ཚུལ་སྒྲུབ་དུས་སྐྲ་ཕུད་ཕུལ་བའི་སྟོན་པའི་སྐུ་དེ་ཉིད་བཞུགས་སུ་གསོལ་བ་བདག་ཅག་གི་མཁན་པོ་དང་ངོ་བོ་གཅིག་པར་མོས་པའི་བློས་དེ་ཉིད་ཀྱི་དྲུང་དུ་གསོལ་བཞིའི་ཆོ་ག་ལས་ཐོབ་ཅིང་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་བདག་ཉིད་དགེ་སློང་གི་སྡོམ་པ་དང་། རང་སྡོམ་བཅུ་ཕྱོགས་མཐུན་དང་བཅས་པའི་དགེ་ཚུལ་