[A:༢༢ན]བསྟིམས་ཏེ་མཉམ་བཞག་སྐྱོང་། །དེ་རྗེས་དགེ་བ་བསྔོ་བ་རྣམས་བྱ་ཞེས། །བླ་མའི་གསུང་དེ་བརྗེད་དོགས་བྲིས་པ་ཡིན། །སྣང་གསུམ་སྐབས་སུ་ཁོག་ཕུབ་བཤད་པ་མཛད། །སྔགས་ལམ་ཚུགས་ནས་རྩ་ལྟུང་རྒྱས་པར་འཆད། །དེ་ཡང་བླ་མའི་ཕྱག་ལེན་བྲིས་པ་ལགས། །རྒྱུད་གསུམ་ཚུགས་ནས་ལག་ལེན་བྱེད་དགོས་ལ། །བསྒྲུབ་པའི་མཎྜལ་བཤམ་ཞིང་རང་ཉིད་ཀྱི། །མདུན་དུ་མཎྜལ་འབུལ་ཡུལ་རྣམས་བསམ་ལ། །མཎྜལ་མང་དུ་ཕུལ་རྗེས་རང་ལ་བསྟིམ། །དེར་རྗེས་རྡོར་སེམས་སྒོམ་བཟླས་དེ་ཡི་རྗེས། །བླ་མའི་རྣལ་འབྱོར་བྱེད་ཅིང་འཁོར་འདས་ཁྲིད། །ཚུགས་ནས་བླ་མ་ཀྱེ་རྡོར་དབྱེར་མེད་པ། །སྤྱི་བོར་བསྒོམས་ནས་དེ་ཉིད་སྙོམས་འཇུག་གིས། །ཞུ་ནས་རང་ལ་བསྟིམས་ཏེ་ལྟ་བའི་མཆོག །འཁོར་འདས་དབྱེར་མེད་བསྒོམ་པ་ཡིན་ནོ་ཞེས། །བླ་མས་གསུངས་པ་དེ་བཞིན་བྲིས་པའོ། །སྔགས་ལམ་ཚུགས་ནས་སློབ་མ་ཀུན་འདུས་ཏེ། །རྒྱུན་དུ་མཎྜལ་སོ་བདུན་མ་རེ་དང་། །ཐོས་རྒྱ་མ་རེ་ཕྱག་ལེན་ལ་མཛད་དོ། །རྒྱུ་དབང་གནང་བའི་སྐབས་དེར་འཇུག་པའི་དུས། །ནང་བསྲུང་བདུད་རྩི་སྟེར་དང་རིག་པ་ཡི། །དབང་ལྔའི་མཆོད་པ་སོགས་ལ་ཉེར་མཆོད་ལྔའི། །མཇུག་ཏུ་ཤཔྟ་བྱེད་པ་མུས་པ་ཆེ། །དཀོན་མཆོག་རྒྱལ་མཚན་ཕྱག་ལེན་ཡིན་ནོ་ཞེས། །བདག་གི་བླ་མ་གསུངས་ཤིང་མཛད་ཀྱིན་འདུག །སྐབས་དེར་དགོས་པའི་སྐུར་བྱེད་ནམ་མཁའ་ཡི། །དཀྱིལ་འཁོར་བསྒོམ་ཚུལ་དམིགས་པ་འདི་ལྟ་སྟེ། །ཕོ་བྲང་ཡོད་མེད་གང་ལྟར་ལྷ་རྣམས་ཀྱི། །དབུས་སུ་གར་བུ་དེ་ཡིས་དབུས་ཉིད་དང་། །ཕྱོགས་བཞིར་ཡོ་ག་ནས་བཤད་རིགས་ལྔ་དང་། །མཚམས་