[A:༢༢བ]བཞིར་ཡུམ་བཞི་ལྷ་རྣམས་ཕྱོགས་བཞི་རུ། །སྲས་ཆེན་བརྒྱད་དང་དེ་མཐའ་ཁྲོ་བོ་དང་། །མཆོད་པའི་ལྷ་མོ་བསྒོམ་པ་ཡིན་ནོ་ཞེས། །བླ་མས་གསུངས་དེ་བརྗེད་དོགས་བྲིས་པ་ཡིན། །གསོལ་གདབ་དུས་སུ་རིགས་ལྔ་ཀྱཻ་རྡོ་རྗེ། །ཞལ་བརྒྱད་བཅུ་དྲུག་ཕྱག་ཅན་དུ་གྱུར་བསྒོམ།་་་་་འདི་ཡང་གསུང་རྒྱུན་ཡིན་ནོ།། ༈ །།ལམ་དབང་གནང་སྐབས་ཕྱག་ལེན་འདི་ལྟ་སྟེ། །ཐོག་མར་རྟེན་དང་མཆོད་གཏོར་ལེགས་བཤམས་ནས། །གནས་ཡོ་བྱིན་རླབས་དབང་ཆུ་མཛེས་རྒྱན་བཞིན། །བྱས་ལ་དེ་ནས་ལམ་དུས་ཉམས་བླངས་ཏེ། །དཀྱིལ་འཁོར་བསྡུས་རྗེས་རྣམ་རྒྱལ་བུམ་པ་བསྒྲུབ། །བསྒྲུབ་ཚུལ་དབང་ཆུ་མཛེས་རྒྱན་ཇི་བཞིན་ལས། །སྐབས་འདིར་ལས་བུམ་མེད་ཕྱིར་དེ་དེར་རོ། །དེ་ནས་སྐུར་བྱེད་ནམ་མཁའི་དཀྱིལ་འཁོར་གྱི། །ལྷ་ཚོགས་སྙིང་ཁའི་འོད་ཀྱིས་སྤྱན་དྲངས་ཏེ། །དབང་བསྐུར་དཀྱིལ་འཁོར་གཙོ་བོ་བླ་མ་དང་། །ཐ་དད་མེད་པའི་སྐུ་ལུས་དེ་ཉིད་ལ། །གདན་གསུམ་ཚང་བར་མོས་ཏེ་མཎྜལ་ཕུལ། །གསོལ་གདབ་རྒྱུན་བཤགས་སྡོམ་བཟུང་བྱས་རྗེས་སུ། །མིག་དར་འཆིང་ཚུལ་མེ་ཏོག་ལག་ལེན་ཅིང་། །བགེགས་བསང་དྲི་བ་དྲི་ལན་སེམས་བསྐྱེད་བསྒོམ། །བསྒོམས་པ་དེ་ཉིད་བརྟན་པར་བྱས་པའི་རྗེས། །གསང་བར་གདམས་ལ་ཧཱུྃ་ཛཿཧཱུྃ་ཞེས་པའི། །འཇུག་པ་བྱ་ཞིང་དམ་བཞག་རྣམ་བཞི་བྱ། །དེ་ནས་བྱིན་རླབས་རིམ་ལྔ་ཞུ་བ་ཡིས། །མཎྜལ་གསོལ་འདེབས་བྱས་རྗེས་བྱིན་རླབས་ཀྱི། །རིམ་པ་ལྔ་བྱ་ཏིཥྛས་བརྟན་པར་བྱ། །མེ་ཏོག་འབུལ་ཚུལ་མགོར་བཞག་མིག་གི་དར། །བསལ་ཚུལ་བྱས་ལ་སྐུ་དཀྱིལ་མཐོང་བར་བསམ། །དེ་ནས་དངོས་གཞི་ཆོས་ཡོན་མཎྜལ་ཕུལ། །གསོལ་བཏབ་