R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༣བ
[A:༢༣བ]བསམ་ལ་དེ་དང་རྡོ་རྗེ་ཡིས། །སློབ་དཔོན་གཉིས་ཀས་མཛད་པར་བསམ་པ་ཡིན། །ལམ་དབང་ཐོབ་ནས་ཆུ་རྒྱུན་མི་ཉམས་ཕྱིར། །དབང་བསྐུར་ཟབ་མོ་ཐུན་དྲུག་བཞི་གསུམ་གཉིས། །གང་བྱས་ན་ཡང་རུང་ལ་ཐུན་གཅིག་ལ། །ངེས་པར་རྒྱས་པར་བྱ་དགོས་ཐུན་གཅིག་ནི། །ཤིན་ཏུ་བསྡུད་པར་འདོད་ན་སྐྱབས་སེམས་དང་། །རྡོར་སེམས་སྒོམ་བཟླས་བྱས་ལ་རྡོར་སེམས་བསྟིམ། །ཚོགས་ཞིང་སྤྱན་དྲངས་དེ་ལ་མཆོད་པ་དང་། །ཡན་ལག་བདུན་པ་ལ་སོགས་བྱས་པའི་རྗེས། །ཚོགས་ཞིང་རང་ལུས་བསྟིམས་ནས་ལུས་དཀྱིལ་བསྒོམ། །དེ་ནས་དབང་བསྐུར་རྣམས་ནི་ལེན་པ་ཡིན། །དེ་ལྟའི་ལམ་དབང་གནང་སྐབས་ཕྱག་ལེན་གྱི། །རིམ་པ་རྣམས་དང་དུས་དེར་མཁོ་བ་ཡི། །དམིགས་པ་འགའ་སོགས་གསལ་བར་བཤད་པ་འདི། །བླ་མ་དམ་པའི་གསུང་རྒྱུན་ཕྱག་ལེན་རྣམས། །ཤིན་ཏུ་ངེས་པར་བྱས་ནས་བྲིས་པ་འོ། ༈ །ལམ་ཟབ་ཕྱི་མ་འདི་ཉམས་ལེན། །དུས་ཀྱི་རང་ལུས་དུམ་བུ་རུ། །གཏུབས་ཚེ་རང་གི་སྤྱི་བོ་ནས། །རྣམ་ཤེས་ཧེ་རུ་ཀའི་རྣམ་པས། །ཐོན་ནས་ཐ་མལ་པའི་ལུས་དེ། །གཏུབས་པར་བསྒོམ་ཞིང་ཧེ་རུ་ཀ །དེ་ནི་ཞལ་གཅིག་ཕྱག་གཉིས་པ། །བསམ་པར་བྱ་འོ་ཡིན་ནོ་ཞེས། །བླ་མའི་གསུངས་དེ་བརྗེད་དོགས་བྲིས། ༈ །ནང་གི་བླ་མའི་རྣལ་འབྱོར་ཉིད། །གནང་སྐབས་ཕྱག་ལེན་འདི་ལྟ་སྟེ། །མཛེས་པའི་སྟེགས་ལ་ཆུ་རྣམ་བཞི། །སྔོན་འགྲོའི་ཉེར་སྤྱོད་ལྔ་དང་ནི། །ཟླུམ་གཏོར་གསུམ་བཤམ་བླ་མ་ཡིས། །གདན་ལ་འདུག་སྟེ་ལམ་དུས་བླངས། །དེ་རྗེས་ནང་གི་བླ་མ་ཡིས། །རྣལ་འབྱོར་བསྒོམ་ལ་གཏོར་བསྔོ་བྱ། །དེ་ནས་སློབ་མ་རྣམས་བསྡུས་ལ། །བླ་མས་
གསལ་