R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༥ན
[A:༢༥ན]བཅས་སྟེགས་མཛེས་པ། །ཅིག་ལ་བཤམས་ནས་སློབ་དཔོན་གྱིས། །ལམ་དུས་བླངས་ཤིང་བིརྺ་པའི། །བསྲུང་བ་ཐུན་མོང་མིན་པ་བསྒོམ། །དེ་ཡི་རྗེས་སུ་ཆོས་སྐྱོང་སོགས། །རྣམས་ལ་གཏོར་འབུལ་ལེགས་པར་བྱ། །དེ་ནས་སློབ་མ་རྣམས་བསྡུས་ནས། །མཎྜལ་གསོལ་འདེབས་རྒྱུན་བཤགས་དང་། །སྡོམ་བཟུང་རྣམས་ནི་བྱེད་དུ་བཅུག །དེ་རྗེས་བླ་མ་བིརྺ་པར། །བསྒོམ་ཞེས་བརྡ་སྦྱར་དེའི་སྐུ་གསུང་། །ཐུགས་དང་ལྟེ་བ་བརླ་རྩ་ཡི། །ཡི་གེ་རྣམས་ལ་བརྟེན་ནས་ནི། །སློབ་མ་བྱིན་རླབས་དེའི་རྗེས་སུ། །སློབ་མ་རྣལ་འབྱོར་དབང་ཕྱུག་ཏུ། །བསྒོམ་དུ་འཇུག་རྣམས་སློབ་དཔོན་གྱིས། །གསལ་པོར་བརྗོད་ལ་དེ་ནས་ནི། །གཏང་རག་མཎྜལ་སོགས་བྱས་ལ། །བླ་མས་རྗེས་ཆོག་རྣམས་བྱའོ། །འདི་ལྟའི་ལག་ལེན་རིམ་པ་འདི། །བླ་མའི་ཕྱག་ལེན་དེ་ཟིན་པའི། །ལུགས་སུ་བྱས་ནས་བྲིས་པ་ལགས། ༈ །བརྡ་དོན་གསལ་བའི་གདམས་པ་འདི། །གནང་སྐབས་ཕྱག་ལེན་འདི་ལྟ་སྟེ། །རབ་མཛེས་སྟེགས་ལ་མཎྜལ་སྟེང་། །ཚོམ་བུ་དགུ་བཀོད་དེ་དྲུང་དུ། །ཆུ་བཞི་སྔོན་འགྲོ་ཉེར་སྤྱོད་ལྔ། །ཟླུམ་གཏོར་གསུམ་དང་བཅས་ལེགས་བཤམ། །དེ་ནས་བླ་མས་ལམ་དུས་དང་། །མཎྜལ་བསྒྲུབ་མཆོད་ཚུལ་བཞིན་བྱ།
གླིང་དགར་ཚེས་བཅུ་ལ་བྱེད་པ་བཞིན།
།དེ་ཡི་རྗེས་སུ་གཏོར་མ་རྣམས། །ཆོས་སྐྱོང་སོགས་ལ་འབུལ་བྱས་ནས། །སློབ་མ་བསྡུས་ཏེ་བླ་མ་ཡིས། །མན་ངག་གླེང་གཞི་བརྗོད་རྗེས་སུ། །སློབ་མ་རྣམས་ལ་མཎྜལ་དང་། །གསོལ་འདེབས་གང་དྲིན་སོགས་བྱེད་འཇུག །མཎྜལ་གསོལ་འདེབས་བྱིན་རླབས་ཀྱི། །སྔོན་འགྲོ་ཆོས་ཡིན་དངོས་གཞི་ལ། །སློབ་མས་