R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༧བ
[A:༢༧བ]གྱི་མན་ངག་ཟབ་མོ་ཡང་ཐོས་ཤིང་། ལཱུ་ཧི་པའི་སྒྲུབ་ཐབས་དཔལ་མངོན་པར་རྟོགས་པ། ལོ་ཆེན་གྱི་འགྱུར་ལ་འགོས་དང་། མར་དོས་བཅོས་པ། དེའི་འགྲེལ་པ་རྔོག་གི་འགྱུར། ཕྱི་རོལ་མཆོད་པའི་ཆོ་ག་དང་། ལག་མཆོད་གཉིས། དཔྱལ་ཆོས་བཟང་གི་འགྱུར། གཏོར་མའི་ཆོ་ག་རྔོག་འགྱུར། ཕྱི་མ་བཞི་པྲ་ཛྙཱ་རཀྵི་ཏས་མཛད་པ་སྟེ་ལཱུ་ཧི་པའི་སྨད་ལྔར་གྲགས་པ་ཐོས། སློབ་དཔོན་ནག་པོ་སྤྱོད་པས་མཛད་པའི་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་དང་། དཀྱིལ་ཆོག་ལོ་ཆེན་གྱི་འགྱུར་ལ་འགོས་ཀྱིས་བཅོས་པ། སྦྱིན་སྲེག་གི་ཆོ་ག་རིག་པ་གཞོན་ནུའི་འགྱུར། དཔྱིད་ཀྱི་ཐིག་ལེ་མར་དོའི་འགྱུར། གསང་བ་དེ་ཁོ་ན་ཉིད་གསལ་བ་འགོས་འགྱུར་ལ་མར་དོས་བཅོས་པ། ཨོ་ལ་པ་ཏི་གྲགས་འབྱོར་ཤེས་རབ་ཀྱི་འགྱུར་ཏེ། བསྐྱེད་རིམ་སྐོར་གསུམ། རྫོགས་རིམ་སྐོར་གསུམ་དང་བཅས་པའི་གཞུང་དྲུག་ཀ་ཐོས།
གཞུང་དྲུག་འདི་ལ། ས་པཎ་གྱིས་འགྱུར་བཅོས་མཆན་བཅས་མཛད། དེའི་མཇུག་ཏུ། རིན་ཆེན་བཟང་པོས་དག་པར་བསྒྱུར་བ་ལས། །མར་པ་དོ་པས་མ་དག་པ་ཡང་བྱས། །དེ་ལ་ཁོ་བོས་ཇོ་བོའི་ལུགས་བཞིན་དུ། །དག་པར་བཅོས་ཏེ་འགྱུར་མཆན་དག་ཀྱང་བགྱིས། །ཞེས་འབྱུང་ཞིང་། སྔོན་གྱི་དུས་སུ་ས་ཆེན་གྱི་ནག་འབུམ་ཡིག་སྣ་བཅོ་ལྔ་སྤེལ་ནས། ས་གཞུང་སྤྱི་དོན་སོ་སོར་བཀྲལ། གཞུང་དོན་མཆན་བུའི་འབྲུ་རེ་རེ་ནས་བསྣན་པའི་ཞིབ་བཤད་གནང་བའི་རྒྱུན་བཟང་པོ་བྱུང་བ་ཡིན་གསུངས།
སློབ་དཔོན་རྡོ་རྗེ་དྲིལ་བུ་པས་མཛད་པའི་སྒྲུབ་ཐབས་མལ་འགྱུར། དཀྱིལ་མཆོག་བནྡྷེ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། རྫོགས་རིམ་རིམ་པ་ལྔ་པ་བློ་ལྡན་ཤེས་རབ་ཀྱི་འགྱུར་ཏེ་དྲིལ་བུ་སྐོར་གསུམ་དུ་གྲགས་པ་སྟེ། ལཱུ་ནག་དྲིལ་གསུམ་གྱི་གཞུང་དེ་རྣམས་རྗེ་བཙུན་ས་སྐྱ་པ་གོང་མའི་མཆན་བུ་དང་བཅས་པ་ཐོས་