[A:༣༡ན]པས། ད་ལྟ་དེ་འདྲའི་རྒྱུན་ཐོབ་པ་ཆོས་རྗེ་སྨན་མགུར་བ་ཡིན་ཏེ། ཁོང་གིས་པཎ་ཆེན་ནམ་དབང་པ་ནས་བརྒྱུད་པའི་རྒྱུན་ཞེ་དགོན་པ་རྗེ་ཆོས་རྒྱལ་མཚན་ལ་ཞུས་ནས་དེང་སང་ཁོང་ལ་བཞུགས་ངེས་ཡིན་པས། ཁྱེད་ས་སྐྱ་པའི་བསྟན་པའི་ཁུར་བཞེས་ནས་བྱིན་རླབས་དེ་དག་ཀྱང་གསན་པར་མཛད་ནས་རྒྱུན་མ་ཆད་པ་སྤེལ་དགོས་སོ་ཞེས་གསུངས་བྱུང་བ་བདག་གིས་སྙིང་ལ་བཅངས་ནས། དུས་ཕྱིས་ཆོས་རྗེ་སྨན་མགུར་བ་ལས་བརྒྱུད་པ། ལོ་ནས་སྤྱན་སྔ་རིན་ཆེན་གསན་པ་དེ་ཉིད་བདག་ཅག་གིས་མནོས་པའི་ཚུལ་ནི་འོག་ཏུ་འབྱུང་ངོ་། །དེ་ལྟར་བདེ་མཆོག་གི་རྩ་བཤད་ཀྱི་རྒྱུད་དེ་དག་གི་བཤད་བཀའ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ས་ར་ཧ། ཀླུ་སྒྲུབ། ཤ་བ་རི། ལཱུ་ཧི་པ། དྷ་རི་ཀ་པ། རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། ཤྲཱི་ཛ་ལནྡྷ་ར་པ། ནག་པོ་སྤྱོད་པའི་རྡོ་རྗེ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏི་ལོ་པ། ནཱ་རོ་པ། ཕམ་མཐིང་པ་སྐུ་མཆེད། ཀློག་ཀྱ་ཤེས་རབ་བརྩེགས། མལ་གྱོ་བློ་གྲོས་གྲགས། དཔལ་ས་སྐྱ་པ་ཆེན་པོ། རྗེ་བཙུན་སྐུ་མཆེད། ཆོས་རྗེ་ས་པཎ། འཕགས་པ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་པ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། པཎྜི་ཏ་གྲགས་པ་རྒྱལ་མཚན། རྗེ་བཙུན་ལེགས་པའི་འབྱུང་གནས། ས་ལོ་འཇམ་དབྱངས་ཆེན་པོ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། འཁོར་ལོ་སྡོམ་པ་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་