R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༡བ
[A:༣༡བ]ལྔ་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་དངོས་གྲུབ་ཀུན་སྩོལ། གྲུབ་ཆེན་ཤྲཱི་སིངྷ་དང་མཇལ་ཚུལ་ཕྱག་བྲིས་མ་ལས་ཞལ་བཤུས་པ། སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་གྲུབ་གཉིས་བསམ་འཕེལ། རྡོ་རྗེ་ཕུར་པའི་ལས་ཐིག་གདབ་ཚུལ་མ་རིག་མུན་སེལ་རྣམས་བཞུགས་སོ། །གསུང་རབ་དེ་རྣམས་ཀྱི་ནང་ནས་སློབ་དཔོན་ཆེན་པོའི་རྣམ་ཐར་སོགས་དཔེ་སྣ་འགའ་ཞིག་གི་ལུང་རྒྱུན་ནི་གྲུབ་མཆོག་དབང་པོའི་མཚན་ཅན་དེ་ཉིད་ཀྱི་དངོས་སློབ་དང་བརྒྱུད་པའི་སློབ་མ་སོགས་གཞན་ལས་ཀྱང་ནོས་མོད་ཀྱི། འདིར་བརྗོད་བདེ་བའི་ཕྱིར་གསུང་འབུམ་གྱི་དཀར་ཆག་བཞིན་ཕྱོགས་གཅིག་ཏུ་བྲིས་པ་ཡིན་ལ། དེ་ལས་གཞན་པའི་གོང་བཀོད་བཞིན་གྱི་གསུང་རབ་རྣམས་ཡོངས་སུ་རྫོགས་པར་ནི་འཇམ་པའི་དབྱངས་དབང་པོའི་མཚན་ཅན་ཉིད་ལས་དངོས་སུ་ཐོས་སོ། །འདིར་སྨྲས་པ། དེ་བཱ་སུ་ར་མུ་ཀུ་ཊི་གི་རི་ཨ་གྲ།
ལྷ་དང་ལྷ་མིན་གཙུག་རྒྱན་ས་འཛིན་རྩེར།
པཱ་ད་ར་ཛ་སུརྻ་ཨ་དརྴ་ཛི་ག
།ཞབས་རྡུལ་ཉི་མའི་མེ་ལོང་ལ་འཚོ་བ།
།ཧི་ཏ་སུ་ཁཿརསྨི་ལཀྵི་ན་ས་ཤྲཱི།
།ཕན་བདེའི་འོད་ཟེར་འབུམ་ཕྲག་བཞད་པའི་དཔལ།
།སིདྡྷི་ཤྭ་ར་པུ་ཎྱ་ཨིནྡྲ་ན་མ།
།གྲུབ་པའི་དབང་ཕྱུག་བསོད་ནམས་དབང་པོར་འདུད།
།དེ་ལྟར་གྲུབ་མཆོག་དེད་དཔོན་བཀའ་དྲིན་ལས། །ཟབ་དང་རྒྱ་ཆེའི་ཆོས་དང་ཐུན་མོང་གི །དངོས་གྲུབ་མི་ཟད་ནམ་མཁའ་མཛོད་ཀྱི་གཏེར། །སྩོལ་མཛད་གང་གི་རྣམ་ཐར་བསམ་བཞིན་དད། །གཞོན་ནུའི་དུས་ནས་ཁྱེད་དང་མཇལ་རེ་བཞིན། །ཐུགས་རྗེ་གཏིང་ནས་གཡོས་པའི་དགེ་མཚན་གྱིས། །འཛུམ་པའི་ཞལ་བསྟན་མཛེས་པའི་སྤྱན་གྱིས་གཟིགས། །ལུགས་གཉིས་བསླབ་བྱས་ཡང་ཡང་བློ་