[A:༣བ]ཆོས་ཀུན་གསལ་བའི་ཉིན་བྱེད་འདི། །འཆད་པར་འགྱུར་གྱི་དོན་གཉེར་དགའ་བས་ཉོན། ༡༣ །འདིར་སྐལ་བ་དང་ལྡན་པའི་སྐྱེས་བུ་རྣམས་ཤིན་ཏུ་རྙེད་པར་དཀའ་བའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ལན་ཅིག་ཙམ་ཐོབ་པའི་དུས་འདིར། རང་དང་ཕ་མ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་རྣམ་པར་གྲོལ་བ་རིན་པོ་ཆེའི་གླིང་དུ་ཕྱིན་པར་བྱེད་པའི་ཐབས་ལ་དུས་འཁོར་མོ་ཡུག་ཏུ་འབད་པར་བྱ་དགོས་པ་ཡིན་ཏེ། ཇི་སྐད་དུ། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཤིན་ཏུ་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས་པས་སོ། །ཇི་ལྟར་འབད་པར་བྱ་བའི་ཚུལ་ཡང་། ཆོས་མངོན་པ་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་ལྟར་ཐོག་མ་ཉིད་དུ་ལེགས་པའི་ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་པ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་ལ་གནས་དགོས་པ་ཡིན་པ་ལས། ཚུལ་ཁྲིམས་དེ་ཡང་། རྒྱུད་རྡོ་རྗེ་རྩེ་མོ་ལས། སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་རང་གི་ངོ་བོ་འོ། །ཞེས་དང་། བདེ་མཆོག་གི་གཞུང་ལས། གོང་ནས་གོང་མའི་སྡོམ་པ་ནི། །བུ་ཁྱོད་ཀྱིས་ནི་གཟུང་བྱ་སྟེ། །གྲོལ་བའི་རྒྱུ་ནི་དེ་ལས་གཞན། །ཐབས་ནི་ཅུང་ཟད་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་གཞི་སྡོམ་པ་གསུམ་ཐོབ་ལ་མ་ཉམས་པར་བྱས་ནས། དེའི་འོག་ཏུ་བརྒྱུད་པ་དྲི་མ་མེད་པ་ལས་འོངས་པའི་གསུང་རབ་རྣམ་པར་དག་པའི་ཚིག་དོན་རྣམས། ཐོས་པ་དང་བསམ་པ་དང་བསྒོམ་པའི་ཚུལ་ལ་བརྩོན་འགྲུས་དང་ནན་ཏན་སྙིང་པོར་བགྱིད་པའི་སྒོ་ནས་དལ་འབྱོར་གྱི་རྟེན་ལན་ཅིག་ཙམ་