R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༤༨༩
[A:༤༨༩]སྣང་བའི་ཕྱིར་རོ། །དེ་ཡང་ཤ་གཅོད་པར་མཛད་པ་ནི། བྱིས་པའི་དུས་ནའང་ནང་ཆ་དང༌། ཤ་རྗེན་ཟོས་པ་མི་དྲན་ཞེས་གསུང་ཞིང༌། ཆེ་བར་གྱུར་ནས་དགུང་ལོ་བདུན་ཕན་ཆད་ཤ་དང་ཁྲག་ལ་སོགས་པ་གཟིགས་པ་ཙམ་གྱིས་ཞག་མང་པོར་གསོལ་དངས་འགགས། རབ་ཏུ་བྱུང་བ་རྣམས་ཀྱི་འཚོ་བ་མ་ཡིན་ཞིང༌། སངས་རྒྱས་ཀྱིས་ཀྱང་ཟ་བར་མ་གནང་བར་དགོངས་ནས། དགུང་ལོ་བཅུ་གསུམ་པ་ལ་ཤ་བཅད་ནས། ཕྱིས་ཤའི་དྲི་ཙམ་གྱིས་ཀྱང་སྐུ་ཁམས་ལ་གནོད་པར་སྣང་ངོ༌། །རིག་པ་འཛིན་པའི་སྡོམ་པ་ནི། བླ་མ་རྣམས་ནས། གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སོ་སོ་ནས་བཤད་པ་ལྟར་དུ། མཁས་ཤིང་གྲུབ་པ་ཐོབ་པ་རང་རང་གི་ལུགས་ལས་འབྱུང་བ་བཞིན་སྨིན་བྱེད་ཀྱི་དབང་བོད་ན་ཡོད་པ་རྣམས་དང༌། དེ་དག་ལ་བརྟེན་པའི་བསྐྱེད་རྫོགས་ཀྱི་ལམ་ཆ་ལག་དང་བཅས་པ་སྲོལ་སོ་སོ་མ་འདྲེས་པར་སོ་སོར་གསན་ཅིང་ཐུགས་སུ་ཆུད་པར་མཛད་པ་ཡིན་ལ། ཇི་ལྟར་གསན་ཚུལ་གསན་ཡིག་རྒྱ་མཚོར་བལྟའོ། །འདིར་རགས་པ་ཙམ་བརྗོད་ན། ཐོག་མར་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པའི་དྲུང་དུ། རྒྱུད་སྡེ་བཞི་དང་འབྲེལ་བའི་དབང་བསྐུར་གསན་ནས། རིག་འཛིན་སྔགས་ཀྱི་སྡོམ་པ་རྣམ་པར་དག་པ་དང་ལྡན་པར་མཛད་པ་ཡིན་ཏེ། དེ་ཡང་བསྙེན་པར་རྫོགས་མ་ཁད། གུར་རིགས་བསྡུས་ཀྱི་དཀྱིལ་འཁོར་དུ་སླར་ཡང་དབང་བསྐུར་བསྐྱར་ཏེ་ཚར་གཅིག་གསན་ནོ། །དེའི་ཚེ་ཡབ་ཡུམ་ཤིན་ཏུ་ཕྱུག་པས་དཀྱིལ་འཁོར་རིན་པོ་ཆེ་ལས་བཞེངས་སོ། །དེ་ལས་བླ་མེད་ཀྱི་གསང་བ་འདུས་པ་མི་བསྐྱོད་པ། ཡེ་ཤེས་ཞབས་ལུགས། གཤིན་རྗེའི་གཤེད་དམར་པོ་ལྷ་ལྔ། ལྷ་བཅུ་གསུམ་མ། དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས། བདག་མེད་མ། གུར་རིགས་བསྡུས། བདེ་མཆོག་ལོ་ནག་དྲིལ་གསུམ། དྲིལ་བུ་ལྷ་ལྔ། སྒྲོལ་མ་ལྷ་བཅུ་བདུན་མ། དུས་ཀྱི་འཁོར་ལོ་རྣམས་ཀྱི་དབང་གསན། གཞན་ཡང་ཡོ་ག་རྡོར་དབྱིངས། །འཇམ་དཔལ་གསང་ལྡན། །ཀུན་རིག་རྩ་བའི་དབང་རྣམས་གསན། བྱ་སྤྱོད་ལ་ཚེ་