R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༤༩༠
[A:༤༩༠]དཔག་མེད་ལྷ་དགུ། གཟུངས་གྲྭ་ལྔ། འཇམ་དབྱངས་ཨ་ར་པ་ཙ་ན་ལྷ་ལྔ་རྣམས་ཀྱི་དབང་གསན་ནོ། །གཞན་ཡང་བླ་མ་སོ་སོའི་དྲུང་དུ། རྒྱུད་སྡེ་དང་འབྲེལ་བའི་དབང་བསམ་གྱིས་མི་ཁྱབ་པ་གསན་ནས། རིག་འཛིན་སྔགས་ཀྱི་སྡོམ་པ་ལ་ཉེས་པའི་དྲི་མས་མ་གོས་པར་ཐུགས་རྒྱུད་ལ་ལེགས་པར་བཞུགས་པ་ཡིན་ཏེ། དབང་བསྐུར་བ་ཕྱིན་ཅི་མ་ལོག་པར་ཐོབ་པའི་བླ་མ་རྡོ་རྗེ་འཆང་དང་དབྱེར་མི་ཕྱེད་པའི་མོས་པ་གཞན་གྱིས་དབྲོག་པར་མི་ནུས་པའི་ཕྱིར་རོ། །དེ་ལྟར་གཞི་སྡོམ་པ་གསུམ་རྣམ་པར་དག་པ་ལ་བརྟེན་ནས། གཉིས་པ་ཐོས་བསམ་ཇི་ལྟར་མཛད་པའི་ཚུལ་ནི། དགུང་ལོ་དགུ་པ་ལ་རབ་བྱུང་མཛད་པ་དེ་ནས་བཟུང་སྟེ། དགུང་ལོ་ཉི་ཤུ་རྩ་ལྔའི་བར་དུ་གཙོ་ཆེར་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པའི་དྲུང་དུ་བཞུགས་ཏེ། སྔར་གྱི་བརྟག་གཉིས་མ་བསྙེལ་བར་མཛད་ནས། ཐོག་མར་དགུང་ལོ་བཅུ་གཅིག་པ་ལ་གུར་དང༌། དུས་ཀྱི་འཁོར་ལོ་དང༌། ཡོ་ག་རྡོར་དབྱིངས་ཀྱི་ཕྱག་ལེན་རྣམས་མཐར་ཕྱིན་པར་མཛད་དོ། །གཞན་ཡང༌། དགེ་བསྙེན་གྱི་སྡོམ་པ་བརྒྱད་པ་རྩ་འགྲེལ། ཀཱ་རི་ཀཱ་དང༌། སུམ་བརྒྱ་པ་རྩ་འགྲེལ་རྣམས་གཞུང་དོན་དང་བཅས་པ་མཁྱེན་པར་མཛད། དགུང་ལོ་བཅུ་གསུམ་པ་ལ་ས་བཟང་འཕགས་པའི་དྲུང་དུ། སྒྲའི་བསྟན་བཅོས་ཀ་ལཱ་པའི་གཞུང་འགྲེལ་མ་ཏིས་མཛད་པའི་སྟེང་ནས་དང༌། ཙནྡྲ་པ་བུ་ཊཱིཀ་གི་སྟེང་ནས་གསན་ཅིང༌། ཀ་ལཱ་པའི་འགྲེལ་པ་དུར་སིཾདྷ་རྨ་དྷ་ས་སློབ་ཕན་རྣམས་ཀྱང་མཁྱེན་ཅིང༌། སྙན་ངག་དཎྜིའི་གཞུང་མེ་ལོང༌། མིང་གི་མངོན་བརྗོད་འཆི་མེད་མཛོད། ཟློས་གར་ལ་འཇིག་རྟེན་གསུམ་ཀུན་ཏུ་དགའ་བ། ཀླུ་ཀུན་དུ་དགའ་བ། སྡེབ་སྦྱོར་ཤཱནྟི་པས་མཛད་པའི་རིན་ཆེན་ཆོས་ཁོལ་འབྱུང་གནས་དང༌། ས་པཎ་གྱི་གསུང་རབ་མེ་ཏོག་ཆུན་པོ་སོགས་གསན་ཞིང་མཁས་པར་གྱུར་ཏོ། །བཅུ་བདུན་པ་ལ་ཤར་པའི་དྲུང་དུ། །སྤྲོས་མེད་ཀྱི་ཁྲིད་ཞུས། ཉི་མ་ཕྱེད་ཙམ་ནས་སྒོམ་མཛད་པས། སང་སྔ་དྲོ་ཙམ་ན་དུ་བ་ལ་སོགས་པའི་ལམ་རྟགས་ཐམས་ཅད་བྱུང་