R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༤༨༨
[A:༤༨༨]པུུ་སྟི་རེ་ཞལ་ཕྱེ་ནས་དཔེ་ཆ་རེ་ཕར་ལོག་ཚུར་ལོག་བྱེད་ཀྱིན་གཟིགས་པ་ཅིག་ཀ་བདོག་ཅེས་གསུངས་པ་དེ་ལྟ་བུས་མཚོན་པའོ། །ཡང་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པས་མཁན་པོ། མཁན་ཆེན་བློ་གྲོས་དཔལ་བས་ལས་ཀྱི་སློབ་དཔོན། །ཆོས་རྗེ་འཕགས་པ་གཞོན་ནུ་བློ་གྲོས་པས་གསང་སྟོན་སློབ་དཔོན། གྲིབ་ཚོད་པ་འཇམ་དབྱངས་དཔལ་ལྡན་གཞོན་ནུ་ལ་སོགས་པ་དད་པའི་དགེ་འདུན་བདུན་གྱི་དབུས་སུ་དགུང་ལོ་ཉི་ཤུ་པ་ལ་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་རྣམ་པར་དག་པ་ནོས་ཏེ་ཉེས་ལྟུང་གི་དྲི་མ་རྣམ་པར་དག་པར་བཞུགས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ནོས་ཚུལ་ནི། བསྙེན་རྫོགས་ཚར་མ་ཁད། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པའི་དྲུང་དུ། དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་ཞུས་ཤིང་རྗེས་ནས་བཞི་དང་ལན་ལྔ་ནོས་ཤིང༌། ཆོས་རྗེ་བུདྡྷ་པའི་དྲུང་དུ་དབུ་མ་ལུགས་དང༌། སེམས་ཙམ་ལུགས་གཉིས་ཀ་གསན་ནས། སོ་སོའི་བསླབ་བྱ་རྣམས་བྱང་བ་དང༌། བསླབ་བཏུས་སྡོམ་པ་ཉི་ཤུ་པ་ལ་སོགས་གསན་ཅིང་ཐུགས་སུ་ཆུད་ནས། རང་རང་གི་ལུགས་ལྟར་ལེགས་པར་བསྲུངས་ཏེ་ཤིན་ཏུ་རྣམ་པར་དག་པར་བཞུགས་སོ། །དེ་ཡང་བྱང་ཆུབ་སེམས་དཔའི་སྡོམ་པ་ནི། བྱམས་པ་དང་སྙིང་རྗེ་ཆེན་པོའི་རྩ་བ་ཅན་ཡིན་པ་ལས། བདག་ཉིད་ཆེན་པོ་འདི་ཉིད་ཀྱི་ཐུགས་ནི། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་ཆེན་པོའི་ངང་དུ་གྱུར་པ་སྟེ། ཐ་ན་གཞན་དག་ཤ་ཟ་བ་གཟིགས་པ་ཙམ་དང༌། ཁྱད་པར་དུ་རབ་ཏུ་བྱུང་བས་ཤ་ཟ་བ་གཟིགས་པ་ན་ནང་དུ་མི་བཟོད་པའི་ཐུགས་འབྱུང་ཆེན་པོ་འབྱུང་ཞིང༌། ཞག་དུ་མའི་བར་དུ་གསོལ་དངས་འགག་པར་སྣང་བ་དང༌། གཞོན་ནུ་དར་ལ་སོགས་པ་འགའ་ཞིག་གིས་ལོག་སྒྲུབ་ཤིན་ཏུ་འཇིགས་སུ་རུང་བ་ཇི་སྙེད་བྱས་ཀྱང༌། ཐུགས་ལ་ཁོང་ཁྲོ་དང་ཁོན་དུ་འཛིན་པའི་རྣམ་པ་ཅུང་ཟད་ཀྱང་མི་མངའ་བར། ལོག་སྒྲུབ་བྱེད་པ་པོ་ལ་ལྷག་པར་ཐུགས་བརྩེ་བར་སྣང་བས། སྤྱན་རས་གཟིགས་དང་ཚུལ་མཚུངས་པར་