R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༠༡
[A:༥༠༡]བྱེད་པ་གལ་ཆེའོ་ཞེས་དང༌། ལྷག་པར་མ་འོངས་པ་ན་ལམ་འབྲས་ཀྱི་སློབ་མ་དང་བརྒྱུད་འཛིན་མང་དུ་འབྱུང་བར་ལུང་བསྟན་ཏོ། །དེ་ཡན་ཆད་ཟླ་བ་བཅུ་གཅིག་སོང༌། དེ་རྗེས་ཟླ་བ་དྲུག་ཏུ་སྦྱོར་དྲུག་བསྐྱངས་པས་རྒྱུད་འགྲེལ་ལས་གསུངས་པའི། རེ་ག་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ལ་མཐོང་བར་འགྱུར་གྱི་བར་དུའོ་ཞེས་པ་དང༌། དེའི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་དང་རྣམ་པར་བྲལ་བ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུའོ་ཞེས་སོགས་ཀྱི་ཉམས་སྣང་རྣམས་འཁྲུངས་སོ། །དེ་དུས་ཕྱི་རོལ་དུ་སྟོང་གཟུགས་ལ་དཀྱིལ་འཁོར་དུ་མའི་ལྷ་ཐམས་ཅད་དང༌། སངས་རྒྱས་སྤྲུལ་པའི་སྐུའི་རྣམ་པ་སྤྱན་ནམ་མཁའ་ལ་ལོག་གེ་བྱས་པ་མང་དུ་བྱུང༌། སྤྱན་གྱེན་དུ་གཟིགས་པ་དེ་རྣམས་ཅི་ཡིན་ནམ་སྙམ་སྟེ། རང་གི་མིག་གི་བྱེད་པའི་རྟེན་འབྲེལ་ཡིན་པ་འདྲ་གསུང༌། ནང་དུ་རྩ་དབུ་མ་སྲོག་ཤིང་གི་ཚུལ་དུ་གནས་པའི་ནང་དུ་དཀྱིལ་འཁོར་གྱི་ལྷ་དང་བཅས་པ་མང་དུ་གཟིགས་པ་ལ། རིམ་གྱིས་སྟེང་ནས་སྟེང་དུ་ཐུགས་གཏད་པས་ཤིན་ཏུ་དགེས་པ་ཆེན་པོ་བྱུང་མོད། དེ་དུས་དེ་ནས་བཤད་པའི་གེགས་བྱུང་བ་ལ། འགྲེལ་པ་ནས་བཤད་པའི་གེགས་སེལ་དབང་རྒྱལ་ལུགས་དེ་དྲན་པས་གེགས་ཐམས་ཅད་སེལ་ནུས་གསུངས། གཞན་ཡང་དེ་བཞིན་གཤེགས་པའི་སྐུ་དང་མཆོད་རྟེན། དཀྱིལ་འཁོར་གྱི་ལྷ་ཚོགས་དཔག་ཏུ་མེད་པ་གཟིགས་པ་སོགས་རྒྱས་ཤིང་ཡ་མཚན་ཆེ་བ་ཡོད་མོད་ཀྱི་རེ་ཞིག་དེ་ཙམ་མོ། རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཚད་མེད་པ་མཐོང་སྟེ། དཔལ་དམ་ཚིག་ཆེན་པོའི་རྒྱུད་དུ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང༌། །དཀྱིལ་འཁོར་རྣམས་ཀྱང་རྒྱ་ཆེ་བ། །གཟུགས་སྒྲ་དེ་བཞིན་དྲི་དང་ནི། །རྣལ་འབྱོར་པ་ཡིས་རྟག་བསྐྱང་བྱ། །ཞེས་པ་ལྟར་རོ། །གཞན་ཡང་ཐམས་ཅད་མཁྱེན་པ་གཡག་སྟོན་ཆོས་རྗེའི་དྲུང་དུ། སྔ་ཕྱིར་ལོ་བཞི་ལྔ་ཅིག་གི་སྐྱ་ལ་ཕར་ཕྱིན་གྱི་བཤད་པ་ཚར་ཕྱེད་དང་གཉིས་གཡག་ཊཱིཀ་དང་བཅས་པ་ཐུགས་སུ་ཆུད་པར་མཛད། རྒྱུད་བླ་མ། འཇུག་པར་རང་འགྲེལ། ཚད་མ་རྣམ་འགྲེལ།