R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༠༠
[A:༥༠༠] བཤད་པ། གེགས་སེལ་ལ་སོགས་པའི་སྐོར་རྣམས་དང༌། ནི་གུ་ཆོས་དྲུག་གི་ཁྲིད་ལ་སོགས་པའི་སྐོར་རྣམས་དང༌། གསང་འདུས་མི་བསྐྱོད་པའི་དབང་འགོས་ནས་བརྒྱུད་པ། གསང་འདུས་ལུས་དཀྱིལ་གྱི་དབང༌། རྫོགས་རིམ་ཟབ་མོ་གསང་འདུས་རིམ་ལྔ་དམར་ཁྲིད་དབང་གོང་མ་དང་བཅས་པ། མན་ངག་ནག་ཁྲིད་དུ་གྲགས་པ་རྣམས་གསན་ནོ། །དེ་ལྟར་གསུང་ངག་ལ་སོགས་པ་དེ་རྣམས་ཀྱི་མན་ངག་གི་རྣམ་གྲངས་རྣམས་ནི་མཐའ་ཡས་པས་འདིར་ཡི་གེ་མངས་བས་འཇིགས་ནས་མ་བྲིས་པས་གསན་ཡིག་ཏུ་ཤེས་པར་བྱའོ། །གཞན་ཡང་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག །སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག །ཐུགས་རྗེ་ཆེན་པོའི་སྨྱུང་གནས། རྒྱལ་སྲས་སེམས་དཔའ་ཆེན་པོའི་བཀའ་འབུམ་ཐོར་བུ་བའི་ལུང༌། གཤེད་དམར་ལྷ་བཅུ་གསུམ་མ། སྒྲོལ་མ་ལུས་དཀྱིལ། བདེ་མཆོག་དྲིལ་བུ་པ་རྣམས་ཀྱི་དབང༌། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས། ཕག་མོ་ཞལ་གཉིས་མ། དོན་གྲུབ་མ། དབུ་བཅད་མ་གསུམ་གྱི་བྱིན་རླབས། གུར་མགོན་ལྕམ་དྲལ་གྱི་རྗེས་གནང་ཐུན་མོང་བ། གུར་མགོན་ལྷ་བརྒྱད་ཀྱི་རྗེས་གནང་ཐུན་མོང་མ་ཡིན་པ། གདོང་བཞི་པའི་རྗེས་གནང༌། གཞན་ཡང་ཚེ་དཔག་མེད་ཀྱི་སྒྲུབ་ཐབས་ལ་སོགས་པ་གསན་ནོ། །དེ་ལྟར་གདམས་ངག་མ་ལུས་པ་བུམ་པ་གང་འབྱོའི་ཚུལ་དུ་གནང་ཚར་བ་དང༌། ཆོས་རྗེ་བུདྡྷ་པའི་གསུང་གིས། ངེད་ལ་ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་པས་གནང་བའི་གདམས་ངག་འདི་རྣམས་ཁྱེད་ལ་རྫོགས་པར་འཕྲོད་ན་སྙམ་པ་དེ་འཕྲོད་པས་སེམས་བདེ་གསུངས་ནས་ཐུགས་བཞེད་ལེགས་པར་གྲུབ་པར་མཛད་པ་ཡིན་ནོ། །སྒྲུབ་པ་ལུང་སྦྱིན་གྱི་སྐབས་སུ། ཁྱེད་ཀྱིས་རྩེ་གཅིག་ཏུ་ར་ས་བྲག་ཕུག་ཏུ་སྒྲུབ་པར་བྱས་ན་ལུས་འདི་ཁོ་ན་ལ་གྲུབ་མཐའ་སྙོགས་ཤིང༌། བཤད་པ་དང་གཞན་དོན་བྱས་ན། སྤྱིར་སངས་རྒྱས་ཀྱི་བསྟན་པ་དང༌། བྱེ་བྲག་ཏུ་དཔལ་ལྡན་ས་སྐྱ་པའི་བཤད་སྒྲུབ་ཀྱི་བསྟན་པ་ཉིན་མོ་ལྟར་གསལ་བར་བྱེད་དོ། །དེ་ལྟ་ན་ཡང་བསྟན་པ་ཉམས་དམའ་བས་གཙོ་བོར་བཤད་ཉན་