R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༠༧
[A:༥༠༧]ལྡན། ལྷ་ཉི་ཤུ་རྩ་ལྔའི་སྒྲུབ་ཐབས། དཀྱིལ་ཆོག་གཏོར་ཆོག་རྣམས་ས་ར་ཧ་པས་མཛད་པ། མི་འཇིགས་པའི་གཞུང་འགྲེལ། མ་ཧཱ་མཱ་ཡའི་སྒྲུབ་དཀྱིལ་ཀུ་ཀུ་རི་པས་མཛད་པ། རྫོགས་རིམ་དེ་ཁོ་ན་ཉིད་གསལ་བ། དུས་འཁོར་གྱི་དབང༌། རྡོར་དབྱིངས་འགྲེལ་པ་ལུགས། ཁམས་གསུམ་རྣམ་རྒྱལ། རྩེ་མོ་རིགས་བསྡུས། དཔལ་མཆོག་རིགས་བསྡུས། དཔལ་མཆོག་རྡོར་སེམས། ཀུན་རིག་རྩ་བའི་དཀྱིལ་འཁོར། ཕྱག་རྡོར་འཆི་འཇོམས། མི་འཁྲུགས་པ། འཇམ་དཔལ་ཡོན་ཏན་ཀུན་འབྱུང་རྣམས་ཀྱི་དབང་གསན་ནོ། །གཞན་ཡང་དུས་འཁོར་བསྡུས་རྒྱུད། འགྲེལ་ཆེན་བཤད་པ་བུ་སྟོན་ནས་བརྒྱུད་པ། སྡོམ་འབྱུང་གི་བཤད་པ། དབང་མདོར་བསྟན་གྱི་བཤད་པ། གཞན་སྒྲའི་ས་རིས་ཐོག་པ་མཛད་ཀྱང༌། ལུང་ཞིབ་ཏུ་མ་གསན་ཁ་ཅིག་ཟེར་རོ། །སྒྲའི་ཊཱིཀ་ཆེན་མ་གཏོགས་ཆོས་རྗེ་བུ་སྟོན་གྱི་བཀའ་འབུམ་པུསྟི་སུམ་ཅུ་ཙམ་གྱི་ལུང་ཡོངས་སུ་རྫོགས་པར་གསན་ནོ། །བླ་མ་འདི་ཤཱཀ་བཟང་དུ་གདན་དྲངས་ནས་བཀའ་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་གསན་ཞིང་ཞབས་ཏོག་དང་བསྙེན་བཀུར་གྱིས་ཀྱང་མཉེས་པར་མཛད་དོ། །གཞན་བླ་མ་བཅུ་ཕྲག་གཅིག་དང་ཉག་མ་གསུམ་མམ། གཉིས་ལ་སོགས་པ་རྣམས་ལས་ཆོས་འབྲེལ་དང་འབེལ་གཏམ་མཛད་དེ། དེ་ཡང་སློབ་དཔོན་ལེགས་རིན་གྱིས་བསྟོད་པར། གཉིས་མེད་གསུང་བ་སྣ་ཚོགས་གདུལ་བྱའི་ངོར། །ཐ་མལ་ཚུལ་འཛིན་མཁྱེན་བརྩེའི་བདག་ཉིད་ཅན། །བཅུ་ཕྲག་ཕྱེད་དང་གཉིས་རྣམས་ཚུལ་བཞིན་དུ། །བསྟེན་ནས་མཉེས་པར་མཛད་ལ་གསོལ་བ་འདེབས། །ཞེས་བཤད་ཅིང༌། གྱོང་པོས་བླ་མ་བཅུ་གསུམ་ཙམ་བསྟེན་པར་བཤད། དེ་དག་ཀྱང་གང་ཞེ་ན། བླ་མ་དཔལ་ལྡན་པ། ཤར་པ། གཡག་པ། ལོ་ཙཱ་བ་སྐྱབས་མཆོག་དཔལ། གྲུབ་ཆེན་བུདྡྷ་པ། ས་བཟང་འཕགས་པ། མཁན་ཆེན་བཀྲ་ཤིས་རིན་ཆེན། རྗེ་རིན་པོ་ཆེ་ཤར་