R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༠༨
[A:༥༠༨]བཙོང་ཁ་པ་བློ་བཟང་གྲགས་པ། མཁན་ཆེན་བློ་གྲོས་དཔལ་བ། བླ་ཆེན་ཀུན་རྒྱལ་བ། ཏ་ཝེན་ཀུན་དགའ་རིན་ཆེན་ལ་ཚད་མའི་ཐུན་ཚགས་གསན། བླ་མ་ཡོན་ཏན་དཔལ་ལ་འཇིགས་བྱེད་ཀྱི་དབང༌། ས་བཟང་བཀའ་བཞི་པ། བླ་མ་ཨ་ནནྡ་ལ་ཚེ་དབང་གསན་ཞེས་པ་དེ་རྣམས་ལ་ཆོས་གསན་པར་བཤད་ཅིང༌། རྗེ་འདི་ཉིད་ས་པཎ་གྱི་སྤྲུལ་པར་ཡང་བཤད་དོ། །གསན་པའི་རྣམ་གྲངས་འདི་རྣམས་ཀྱང་རགས་པ་ཙམ་མདོར་བསྡུས་ནས་བྲིས་པ་ཡིན་ལ། རྒྱས་པར་ཞིབ་ཏུ་གསན་ཡིག་རྒྱ་མཚོར་ཤེས་པར་བྱ་ཞིང༌། དེར་མི་བཞུགས་པའི་གསན་པའི་རྣམ་གྲངས་ཀྱང་མཐའ་ཡས་པར་ཤེས་པར་བྱའོ། །དེ་ལྟར་གསན་པ་རྣམས་ལ་གཟིགས་རྟོག་དང༌། ཐུགས་བསམ་དང་ཉམས་ལེན་མཐར་ཕྱིན་པར་མཛད་ཅིང༌། གཞན་ཡང་དངོས་སུ་མ་གསན་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ཐམས་ཅད་ལ་ཡང་གཟིགས་རྟོག་མཐར་ཕྱིན་པར་མཛད་ནས་སྒྲོ་འདོགས་ལེགས་པར་ཆོད་དེ་བཀའ་འགྱུར་དང་བསྟན་འགྱུར་གླེགས་བམ་རྣམས་ཀྱི་ནང་ན་བརྫུས་མ་མང་པོ་ཡོད་པ་རྣམས་ཚིག་རེ་ཡང་མ་འདྲེས་པར་རྒྱུ་མཚན་དང་བཅས་པ་གསལ་བར་རྟོགས་ནས་ཐུགས་སུ་ཆུད་པར་མཛད་པ་ཡིན་ནོ། །གཞན་ཡང་བོད་ཀྱི་དགེ་བའི་བཤེས་གཉེན་བསྟན་པ་ལ་བྱ་བ་བྱས་པ་ཕལ་ཆེ་བའི་གསུང་རབ་རྣམས་ཀྱང་གཟིགས་ནས། དེ་དག་གི་དགོངས་པ་ཡང་ལྷག་མ་མ་ལུས་པར་ཐུགས་ལ་མངའ་བ་ཡིན་ནོ། །བྲང་མོ་ཆེ་དང༌། ཟུར་ཁང༌། གུང་བླ་བྲང་སོགས་གདན་ས་སོ་སོའི་དཔེ་ཁང་སོ་སོའི་ཕྱག་དཔེ་ཐམས་ཅད་མ་ལུས་པ་ཐེབས་གསུམ་གཟིགས་པའི་ཚེ་སྐབས་ཤིག་ཏུ། ཆོས་སྐྱོང་གི་གྲུབ་ཐོབ་སྔགས་འཆང་ཀུན་དགའ་ཟླ་བས་བརྟག་གཉིས་ཀྱི་ཊཱི་ ཀ་ལོ་སྤེ་རྡོ་བསོད་མའི་སྟོད་སྐུ་དྲུང་དུ་ཕུལ་ནས། པུ་ཏྲ་ན་རེ། བླ་མ་ཀུན་དགའ་བཟང་པོ་ལ་ཕུལ་ན་སྨད་ཁོང་གིས་རྙེད་ཟེར་གྱིན་གདའ་བས་ཁྱེད་ལ་འབུལ་བ་ལགས་ཟེར་ནས་ཕུལ། དེ་རྗེས་ལོ་གཅིག་