[A:༥༡༠]གནང་ནས་རྟེན་འབྲེལ་བསྒྲིགས་པ་དང༌། འཇམ་དབྱངས་ཤེས་རབ་རྒྱ་མཚོ་བ་དང༌། རྒྱལ་ཚབ་པ་གདན་ས་པ་གསུམ་པར་ལུང་བསྟན་པ་དང༌། རྣལ་འབྱོར་དབང་ཕྱུག་གི་སྤྲུལ་པའི་གདན་ས་པ་དྲུག་ཙམ་དང༌། རྗེ་བཙུན་གོང་མ་ལྔའི་སྤྲུལ་པའི་གདན་ས་པ་ལྔ་ཙམ་འབྱུང་གསུང་པ་སོགས་མཐའ་ཡས་ཀྱང་རེ་རེ་ནས་བརྗོད་པར་མ་ནུས་སོ།། །།གསུམ་པ་གཞན་དོན་ཕྲིན་ལས་ཇི་ལྟར་མཛད་པའི་ཚུལ་ལ། སྡོམ་པ་གསུམ་གྱི་སྒོ་ནས་འགྲོ་བ་རྗེས་སུ་བཟུང་ཚུལ། ཕ་རོལ་གྱི་རྒོལ་བ་ངན་པའི་ལོག་རྟོག་བཟློག་ཚུལ། སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ཚུལ་དང་གསུམ། དང་པོ་ལ་རྒྱ་ཆེ་བ་སྡོམ་པ་གསུམ་གྱི་སྒོ་ནས་འགྲོ་བ་རྗེས་སུ་བཟུང་ཚུལ། ཟབ་པ་དབང་རྒྱུད་མན་ངག་གི་སྒོ་ནས་གདུལ་བྱ་དུ་མ་སྨིན་པར་མཛད་པ། དེ་དག་ལ་བརྟེན་ནས་མཁས་ཤིང་གྲུབ་པ་བརྙེས་པའི་སློབ་མ་དང༌། བསྟན་པ་ལ་ཕན་པའི་སྦྱིན་བདག་ཇི་ལྟར་བྱུང་བའོ། །དང་པོ་ལ་དགུང་ལོ་བཅོ་ལྔ་པ་ལ་ཁམས་པའི་གྲྭ་པའི་ལག་ལེན་ཁྲིད་པའི་སློབ་དཔོན་མཛད་པ་ནས་བརྩམས་ཏེ། བསྟན་པ་དང་སེམས་ཅན་གྱི་དོན་འབའ་ཞིག་མཛད་ལ། དེ་ཡང་གདུལ་བྱའི་བསམ་པའི་དབང་གི་ཁྲིད་ཚུལ་གྱི་རྣམ་པ་སྣ་ཚོགས་པས་ཁྲིད་པར་མཛད་མོད། འོན་ཀྱང་གཙོ་ཆེ་བའི་དབང་དུ་བྱས་ན་གདུལ་བྱ་རྣམས་གཞི་ཚུལ་ཁྲིམས་རྣམ་པར་དག་པ་ལ་བཀོད་ནས། ལམ་ཉམས་ལེན་ལ་སྦྱོར་བར་མཛད་པ་ཡིན་ལ། དེ་ལ་སོ་སོར་ཐར་པའི་དབང་དུ་བྱས་ན། དང་པོ་ས་སྐྱར་སོ་སོར་ཐར་པའི་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པ་ཐུབ་ངེས་ཀྱི་གང་ཟག་འགའ་རེ་ལ་གནང་བ་མ་གཏོགས། གང་ཡིན་དུ་མི་གནང་བས་ཤིན་ཏུ་དམ་པར་མཛད་པ་ལ། ཆུ་འདུས་ཀྱི་ཚེ་ཐོག་ཏུ་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པའི་སྐུ་མདུན་དུ། བསླབ་བྱ་ཕོག་པ་ཅིག་ཉེས་སྐྱོན་དུ་གྱུར་ནས། རྗེའི་དྲུང་དུ་བསླབ་སྐྱོར་ལ་བྱུང་བ་ཡུན་རིང་མ་གནང་ཡང༌། ནུབ་གཅིག་མཚན་ལམ་དུ་བླ་བྲང་ཤར་གྱི་འོག་མིན་ན་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ་དང༌། ཆོས་རྗེ་