[A:༥༠༩]གི་ཁོངས་སུ། དེའི་སྨད་བླ་བྲང་གྲང་མོ་ཆེ་བའི་དཔེ་གསེབ་ནས་རྙེད་ནས་འགྲིགས་རབ་བྱུང་ངོ༌། །མདོར་ན་རྒྱ་གར་དང་བོད་དུ་མདོ་སྡེ་དང་རྒྱུད་སྡེའི་བསྟན་པ་གང་དུ་བྱུང་ཞིང་དར་བ་དང༌། གང་ལས་འཕེལ་བ་དང༌། གང་ནས་བརྒྱུད་པ་དང༌། ལམ་སྲོལ་ཇི་ལྟར་བཀྲོལ་བ་དང༌། དེ་དག་གི་སྲོལ་འཛིན་ཇི་ལྟར་བྱུང་བ་ལ་སོགས་པ་ཐམས་ཅད་ལོ་རྒྱུས་དང་བཅས་པ་ཐུགས་སུ་ཆུད་ནས། འགྲེལ་ཚུལ་དང་ལམ་སྲོལ་ཇི་སྙེད་བྱུང་བ་ཀུན་སོ་སོའི་དགོངས་པ་ཇི་ལྟ་བ་བཞིན་ཁྱད་པར་ཕྲ་མོ་ཡོད་པ་ཡང་མ་འདྲེས་པར་མེ་ལོང་གཡའ་དག་པ་ལ་གཟུགས་བརྙན་ལྟར། རྗེ་ཉིད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་ལ་དུས་རྟག་ཏུ་གསལ་བར་བཞུགས་པ་ཡིན་ནོ། །མཉམ་པར་གཞག་པའི་སྐབས་འགའ་རེར། སྤྱན་ལམ་ན་ཡོད་པའི་བུམ་པ་དང་དེའི་ནང་གི་བུམ་ཆུ་སོགས་ཀྱི་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་གསལ་བར་གཟིགས་པ་དང༌། གསེར་སྐུའི་ནང་ན་རྟེན་རྫོངས་འདི་དང་འདི་ཡོད་ཅེས་བྱ་བ་མཁྱེན་ཅིང༌། དེ་ཡང་རྗེ་བཙུན་གྱི་ཕྱག་ནས་བཞུགས་པ་ཡིན་ཟེར་བ་བདེན་པར་འདུག་ཅེས་སོགས་གསུངས་པ་དང༌། དབུས་གོང་མས་ཕུལ་བའི་དངུལ་གྱི་མཆོད་རྟེན་གྱི་ནང་ན་ག་ཡ་དྷ་རའི་རིང་བསྲེལ་བཞུགས་པ་མཁྱེན་པ་དང༌། མཚན་མོ་ཕྱག་དཔེའི་གསེབ་ནས་གང་དགོས་པ་ཉིན་མོ་ལྟར་བདེ་བླག་ཏུ་གཟིགས་པ་དང༌། གདན་ས་ཆེན་པོར་མི་ཉག་གི་དམག་བྱུང་བས། བྲང་ཁང་མང་པོ་ཞིག་པའི་ཆུ་རྡོལ་བྱུང་བ། གཞན་ཡང་རིན་སྤུངས་ནང་སོ་ལ་མོ་རྩིས་པ་དུ་མས་དེ་ལོ་གཤེགས་པར་ལུང་བསྟན་ཀྱང༌། རྗེ་ཉིད་ཀྱིས་མི་འཆི་བར་ཞལ་གྱིས་བཞེས་པ་དང༌། སྡེ་པ་འགའ་རེ་ལ་མ་འོངས་པ་ན་འདི་ལྟ་བུ་འབྱུང༌། གྲྭ་པ་དུ་མ་ལ་མ་འོངས་ལུང་བསྟན་ཇི་ལྟ་བུ་བྱུང་བ་ལ་ཚད་མེད་དེ། རྗེ་མུས་པས་གླིང་ཁ་བདེ་བ་ཅན་གྱི་དགོན་པ་འདེབས་པའི་ལུང་བསྟན་ཞུས་པ་ན་དགོན་པ་གཉིས་འབྱུང་ཞེས་དང༌། ཀུན་མཁྱེན་གོ་རམས་པ་ལ་སཾ་པུ་ཊའི་དབང་གི་རྗེས་གནང་ཚེ་དུང་ལན་གསུམ་འབུད་དུ་འཇུག་པར་