[A:༥༡༢] སྡོམ་པ་ཉི་ཤུ་པ་ནས་བཤད་པ་ལྟར་མཛད་པས་ལན་འགའ་རེ་ལས་མི་གནང་ངོ༌། །ཁྱད་པར་གསུང་ངག་རིན་པོ་ཆེ་གནང་བའི་དུས་ཐམས་ཅད་དུ་སྔགས་ལམ་ལ་འཇུག་པའི་སྔོན་འགྲོ། རྗེ་བཙུན་ག་ཡ་དྷ་ར་ནས་བརྒྱུད་པའི་སེམས་བསྐྱེད་ཀྱི་ཆོ་ག་མཎྜལ་ལ་མ་བརྟེན་པ་དང༌། བདེ་མཆོག་པ་རྣམས་ལ་བརྒྱུད་པ་མཎྜལ་ལ་བརྟེན་པ་གཉིས་སྐབས་སུ་གང་བབས་དག་ཅིང་རྒྱས་པ་གསལ་བ་བསམ་གྱིས་མི་ཁྱབ་པ་མཛད་པས། བྱང་སེམས་ཀྱི་སྡོམ་པ་གནང་བ་ཡང་བསམ་ལས་འདས་སོ། །དེ་ལྟ་བུའི་སྡོམ་པ་གང་འབོགས་ཀྱང༌། ལས་སླ་དང༌། དཀའ་ཚེགས་ལ་ཅུང་ཟད་ཀྱང་མི་གཟིགས་པར་རང་རང་གི་ལུགས་ཀྱི་ཆོ་ག་གང་ཡིན་པ་དེ་འགལ་འཁྲུལ་ནོར་པ་དང་སྲ་སྲེའི་ཉེས་པས་གཏན་ནས་མ་གོས་པར། ཆོ་གའི་ཡན་ལག་ཕྲ་མོ་ཙམ་ལ་ཡང་ཙེག་འདམ་ཆེན་པོ་མཛད་ནས་ཤིན་ཏུ་དག་པར་མཛད་པས་སྡོམ་པ་ཐོབ་ས་བཟང་བ་ཡིན་ནོ། །དེ་ལྟར་སྡོམ་པ་གནང་ནས་བསླབ་བྱ་རྣམས་སློབ་མ་རྣམས་ཀྱི་རྒྱུད་ལ་འབྱོར་ངེས་རེ་མཛད་པས་འདི་ནི་གཞན་ལས་ཁྱད་པར་དུ་འཕགས་པའི་ཕྱག་ལེན་ཡིན་ནོ། །རིག་འཛིན་སྔགས་ཀྱི་སྡོམ་པ་ཡང༌། རྩ་རྒྱུད་ལས། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །ཞེས་སོགས་དང་མཐུན་པར་རིམ་ཅན་གྱིས་བཀྲི་དགོས་པའི་གང་ཟག་རྣམས་ལ་ལམ་འབྲས་བུ་དང་བཅས་པའི་ཁྲིད་གནང་སྟེ་རྒྱས་པར་འོག་ཏུ་འཆད། གཞན་ཡང་རྡོ་རྗེ་ཕྲེང་བ་ཀྲྀ་ཡ་ས་མུཙྪ་དང་བཅས་པའི་དབང་བསྐུར་ཡོངས་སུ་རྫོགས་པ་དྲུག་ཅུ་ལྷག་ཙམ་མཛད་པ་དེའི་སྒོ་ནས་གདུལ་བྱ་སྔགས་ཀྱི་སྡོམ་ལྡན་དུ་བྱས་པ་ཡང་བསམ་གྱིས་མི་ཁྱབ་ཅྀང༌། དེ་ཡང་འབྲུག་ལོ་ཆོས་རྗེ་འཕགས་པས་ཤཱཀ་བཟང་སྐུ་འབུམ་དུ་རྡོ་རྗེ་ཕྲེང་བའི་དབང་མཛད་འཕྲོ་ལ་བདེ་བར་གཤེགས། སྐུ་བསྙུང་རིང་ནས་མ་འདས་བར་དུ་བསྙུང་གཡོག་སྨན་དཔྱད་སྐུ་རིམ་སོགས་རེལ་མ་ཤོར་བར་མཛད། འདས་ནས་ཀྱང་སྐུ་གདུང་གི་ཞབས་ཏོག་གསང་བརྟོལ་བ་དང༌། གཤེགས་རྫོངས་ལ་གདན་ས་ཆེན་པོའི་ཚོགས་