[A:༥༡༣]ཆེན་པོར་གྲལ་འགྱེད་དང་འབུལ་གཏོང་རྒྱ་ཆེན་པོ་དང༌། གསོལ་འདེབས་ལ་བླ་བྲང་ཉི་ཐོག་ཏུ་གདན་ས་ཆེན་པོ་ན་བཞུགས་པའི་བླ་མ་དགེ་བའི་བཤེས་གཉེན་རྣམས་སྤྱན་དྲངས་ཏེ་གསོལ་འདེབས་ཉི་མ་མང་པོའི་བར་དུ་མཛད། དགུང་ཞག་ལ་སློབ་དཔོན་ཆོས་སེང་ལ་སོགས་པ་མང་པོས་ཡན་ལག་བདུན་པ་ཕུལ་དུས་དྲན་གྱི་ཚེས་གྲངས་རྣམས་ལ་ཡང་མཆོད་ཆ་ལ་སོགས་དངོས་པོ་རྣམས་རིམ་པར་གཏོང་ཞིང་བདག་ཏུ་བཟུང་བ་མ་མཛད། ས་བཟང་དུ་ཡང་གདན་སར་ཇི་ལྟར་བྱས་པ་ལས་མི་ཞན་པའི་གཤེགས་རྫོངས་གསོལ་འདེབས་ལ་སོགས་པ་མཛད་དེ་འཁོར་གསུམ་ཡོངས་དག་མཛད་དོ། །དེར་མ་ཟད་ཁོང་པ་རང་ལ་ཡབ་ཀྱིས་ཕུལ་བའི་ཕྱག་རྫས་རྣམས་བླ་མ་རྣམས་ཀྱི་ཕྱག་ཏུ་ཕུལ་བར་མཛད་ཅེས་གསུངས་ལ། འདིར་ཡང་དངུལ་གྱི་བྱ་མ་བུམ་ལ་སོགས་པ་མང་པོ་ཐུགས་དགོངས་རྫོགས་ཐབས་སུ་གཏོང་བར་མཛད་དོ། །གཞན་ཡང་འདྲ་འབག་གི་སྐུ་ལྡེར་ཆེ་ཆུང་ལ་ན་བཟའ་བཞུགས་སྟན་ལ་སོགས་པ་དང༌། ནང་རྟེན་དུས་གསུམ་སངས་རྒྱས་གནྡྷོ་ལ་རྩེ་ལྔ་པ་ཟངས་གསེར་ལས་ཤིན་ཏུ་མཚར་བ། གདུང་ཐལ་དང་གདུང་རུས་ལ་སྐུ་གདུང་འབུམ་ཐེར་བཏབ་ནས། བྱང་ཆུབ་ཆེན་པོའི་མཆོད་རྟེན་དངུལ་འབུམ་དུ་བཞུགས་པ་ལ་ཡང་བླ་བྲེ། སངས་རྒྱས་སྟོང་སྐུའི་དར་ཡོལ་གྱི་ན་བཟའ། མདུན་དུ་མཆོད་ཆ་དང་བཅས་པ་རྣམས་དང༌། རབ་ཏུ་གནས་པ་ལེགས་པར་བསྒྲུབས་ཏེ། ད་ལྟ་ཡང་ཤཱཀ་བཟང་སྐུ་འབུམ་ན་བཞུགས་སོ། །དེའི་ཚེ་སྐྱེ་བོ་ངན་པའི་ལོག་བསྒྲུབ་ཀྱི་རླུང་གིས་མི་བསྐྱོད་པར་གདན་ས་ལོ་གསུམ་མཛད་དེ། བཀའ་བཞི་པ་རང་གི་ཕྱག་ཏུ་གཏད་ནས། གཞན་ལ་གནོད་པའི་སེམས་དང༌། རྙེད་པ་མ་ཐོབ་པ་ཐོབ་པར་འདོད་པ་ལ་སོགས་པའི་ཐུགས་དང༌། གྲགས་པ་དང་བསྙེན་བཀུར་ལ་སོགས་པ་བསྒྲུབ་པའི་སྤྲོས་པ་ཐམས་ཅད་སྤངས་ནས་བླ་མའི་གཟིམས་ཁང་སྐུ་འབུམ་དུ་བཞུགས་ནས་ལམ་འབྲས་ལ་སོགས་པའི་ཐེག་པ་གསུམ་གྱི་དམ་པའི་ཆོས་