[A:༥༡༧]ཁྲིམས་རྣམ་པར་དག་པ་ལ་བཀོད་ནས། ཉམས་ལེན་གྱི་རིམ་པ་དཔལ་ལྡན་ས་སྐྱ་པའི་བླ་མ་གོང་མ་རྣམས་ཀྱི་གསུང་རབ་གཙོ་བོར་གྱུར་པའི་ཆོས་ཀྱི་འཁོར་ལོ་སྣ་ཚོགས་རྒྱུན་མི་འཆད་པར་བསྐོར་བར་མཛད་ལ། དེ་ཡང་དགུང་ལོ་བཞི་བཅུ་རྩ་བརྒྱད་དུ་ཕེབས་པ་ཡན་ཆད་གཙོ་ཆེར་གདན་ས་ཆེན་པོར་བཞུགས་ཤིང༌། གནས་སྐབས་སུ་ས་བཟང་དང༌། གཞན་ཆོས་དབར་གྱི་གནས་གང་འཐད་དུ་བྱོན་ནས་ཆོས་གསུང་པ་ནི། ཕལ་ཆེ་བའི་དབང་དུ་བྱས་ན། ཆུ་འདུས། གཏིང་ཁེབས། རི་བོ་སྒང༌། ཁྲོ་ཕུ། ཐར་པ་གླིང་ལ་སོགས་པ་རྣམས་སུ། ལམ་འབྲས་སོགས་ཁྲིད་ཀྱི་རིམ་པ། རྒྱུད་འབུམ་སོགས་ལུང་གི་རིམ་པ་མང་པོ། བདེ་ཀྱེ་གསང་གསུམ་སོགས་རྒྱུད་བཤད་ཀྱི་རིམ་པ་མང་པོ། དཀྱིལ་ཆོག་མང་པོའི་བཤད་པ་དང་ཕྱག་ལེན། རྡུལ་ཚོན་ལ་སོགས་པའི་དཀྱིལ་འཁོར་མང་པོའི་སྒྲུབ་མཆོད། དབང་བཀའ་དང་བྱིན་རླབས། རྗེས་གནང་མང་པོ། དགེ་འདུན་གྱི་སྡེ་འཛུགས་པ། གཙུག་ལག་ཁང་སོགས་རྟེན་གསུམ་བཞེངས་པའི་ཞལ་བཀོད་དང་རབ་གནས་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་མཛད་དེ། དེ་ཡང་དབྱར་དགུན་གྱི་ཆོས་དུས་རྒྱུད་སྡེ་ལ་སོགས་པའི་བཤད་པ་དང༌། སྒྲུབ་དཀྱིལ་ལ་སོགས་པའི་ལག་ལེན་གྱི་སྐོར་དང༌། གསུང་ངག་ལ་སོགས་པ་ཁྲིད་ཀྱི་རིམ་པ་སྣ་ཚོགས་གསུང་ཞིང༌། སྟོན་དཔྱིད་ཀྱི་དུས་སུ་རྡོ་རྗེ་ཕྲེང་བ་དང༌། ཟུར་དཀའི་རིགས་སྣ་ཚོགས་གང་སྐབས་སུ་བབས་པའི་དབང་བསྐུར་རྣམས་ཟང་ཟིང་མེད་པའི་ཆོས་སྦྱིན་མཛད་པས། དེ་ལ་གཏད་ནས་ཕྱོགས་རིས་ཀྱི་དགེ་བའི་བཤེས་གཉེན་རབ་ཏུ་མང་པོ། བླ་མ་ས་བཟང་པས་དབང་སྦྱིན་གནང་གིན་ཡོད་པ་ཞུ་བ་ལ་འགྲོ་ཟེར་ཞིང་འབྱོན་པ་ཡིན་ནོ། །ཡང་སྐབས་ཤིག་ཤཱཀ་བཟང་སྐུ་འབུམ་དུ་ལོ་བདུན་ཙམ་འཇིག་རྟེན་གྱི་བྱ་བའི་ཕྱོགས་གང་གིའང་སྤྲོས་པའི་མཚམས་བཅད་ནས་ཆུ་ཤིང་འཚོ་བའི་རྒྱུན་ཙམ་ལེན་པའི་སྒོ་ཆུང་མཛད་ཅིང༌། །ཆོས་ཁོ་ན་དོན་གཉེར་གྱི་གདུལ་བྱ་ཡོད་ན་ནང་དུ་གཏོང་