R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༡༨
[A:༥༡༨]ཞིང་གཞན་གང་ཡང་མི་གཏོང་པར་བཤད་སྒྲུབ་ལ་ཆིག་དྲིལ་མཛད་པ་ཡིན་གསུང་ངོ༌། །དེ་ལྟ་བུས་མཚོན་ནས་ཆོས་གང་གསུངས་ཀྱང་བསྟན་པ་འབའ་ཞིག་ལ་དགོངས་ནས། སྐུ་སྲོག་བློས་གཏང་སྟེ་ཟང་ཟིང་མེད་པའི་ཆོས་སྦྱིན་ཁོ་ན་མཛད་དེ། ཤཱཀ་བཟང་སྐུ་འབུམ་དུ་སྔོན་གྱི་དུས་སུ་གསུང་ངག་ཞུ་བ་ལ་ལོངས་སྤྱོད་མང་པོ་འབུལ་དགོས་པའི་ལོ་རྒྱུས་ཅིག་བྱུང་བའི་ཚེ། རྗེའི་ཞལ་ནས། སྔོན་གྱི་དུས་ན་བསྟན་པ་ཡར་སོའི་དུས་སུ་སོང་བས་གདུལ་བྱ་རྣམས་ཆོས་དོན་གཉེར་དཀའ་སྤྱད་དང༌། ལོངས་སྤྱོད་གཏོང་ཕོད་ཆེ་བས་གདུལ་བྱའི་རྒྱུད་ལ་རྟེན་འབྲེལ་ཁྱད་པར་ཅན་བསྒྲིགས་པའི་ཆེད་དུ་སྔོན་གྱི་བླ་མ་རྣམས་ཀྱིས་ལོངས་སྤྱོད་མང་པོ་འབུལ་བཞེས་མཛད་པ་ཡིན་ལ། དེང་སང་བསྟན་པ་འགྲིབས་ནས་གསུང་ངག་ལ་སོགས་པའི་བཀའ་ཆད་ལ་ཁད་དུ་སོང་འདུག་པས། གདུལ་བྱ་སྣོད་ལྡན་བྱུང་ན། གསུང་ངག་དང་དབང་ལ་སོགས་པས་གདལ་གཏོད་ལྟ་བུ་བྱས་ནས་ཀྱང་བསྟན་པའི་རྒྱུན་ལ་ཕན་དུ་རེ་བྱེད་དགོས་པའི་དུས་སུ་སོང་འདུག་པ་གསུང་ངོ༌། །གཞན་ཡང་སྐབས་སུ་རྒྱུད་འབུམ་དང་ས་སྐྱ་བཀའ་འབུམ་ལ་སོགས་པའི་ལུང་རྣམས་གསུང་ངོ༌། །སྐབས་ཤིག་ཏུ་ཤཱཀ་བཟང་སྐུ་འབུམ་དུ་བདེ་མཆོག་རྩ་རྒྱུད་ཅིག་གསུངས་པའི་ཆོས་ཚུགས་ནས་ཞག་མང་རབ་སོང་བ་དང༌། འདར་བའི་དགེ་བཤེས་མཁན་ཆེན་ཤཱཀ་འོད་པ་དཔོན་སློབ་གཉིས་བྱོན་ནས། རྒྱུད་ཀྱི་བཤད་པ་གནང་དགོས་ཞུས་པས་རྒྱུད་ལ་དུམ་བུ་བྱས་ན་མི་དགའ་བས་ད་ལེན་མི་འོང་ཞེས་ཞལ་ད་ནན་ཆེར་གནང་ཡང་མ་གསན་པར་རྒྱུད་བཤད་པ་དང༌། རྒྱུད་མ་རྫོགས་པར་ཁོང་དཔོན་སློབ་གློ་བུར་དུ་འབྱོན་དགོས་པར་བྱུང་ནས། རྒྱུད་བཅད་པས། ཆོས་རྗེའི་སྐུ་ཁམས་ལོག་ནས་འོ་བརྒྱལ་པོ་བྱུང་བ་དང༌། ནུབ་གཅིག་མནལ་དུ་བུད་མེད་སྔོ་དམར་བཞི་བྱུང་ནས་ཁྱེད་ཀྱིས་བླ་བྲང་ཤར་པའི་བདེ་མཆོག་གི་སྐུ་བཤས་ནས་བཙོངས་ཞེས་ཟེར་ནས་མ་མཉེས་པའི་ཚུལ་མང་པོ་སྟོན་པ་བྱུང་བ་ལ། ངེད་ཀྱིས་བླ་བྲང་ཤར་པའི་བདེ་མཆོག་གི་སྐུ་བཤས་པ་མེད། བླ་བྲང་ཤར་པ་