[A:༥༣༦]མཛད་ཕྲིན་གོང་སྒྲུབ་ཀྱང༌། །བྱང་ཆུབ་སེམས་ནི་མངོན་དུ་ཡོངས་བཏང་ནས། །ཐུབ་པས་བསྔགས་པའི་ཆོས་ཀུན་སྒྲུབ་པར་མཛད། །ཅེས་སོ། །ཡང་དེ་ལྟར་འཆད་ཉན་ཁོ་ན་ལ་དྲིལ་བ་ལས་རྗེ་འདིའི་དྲུང་དུ། རྒྱ་ཧོར། མདོ་ཁམས། གློ་བོ་སོགས་ནས་སྤྱན་འདྲེན་པ་མང་དུ་བྱུང་ཡང༌། བསྟན་པའི་གཞི་མ་འཆད་ཉན་མཛད་ཅིང་གཞན་དུ་མི་འབྱོན་པར་དགོངས་མོད། འོན་ཀྱང་ཞུ་ནན་ཆེས་པས་སྨད་མདོ་ཁམས་དང༌། སྟོད་མངའ་རིས་གང་འཐད་གཟིགས་པས། སྟོད་མངའ་རིས་ལ་ཐུགས་དམ་ལ་ཤར་ནས་བྱོན་པ་ཡིན་ཏེ། བྲག་དཀར་སེམས་དཔའ་ཆེན་པོ་བསོད་ནམས་རིན་ཆེན་གྱི་ཞལ་ནས། དེ་དག་རྩེ་གཅིག་སྒྲུབ་པ་འཆད་ཉན་སོགས། །གང་འཐད་གཟིགས་པས་འཆད་ཉན་ཕན་གཟིགས་ནས། །དྲི་མེད་བསྟན་པ་རབ་ཏུ་རྒྱས་མཛད་པ། །སྟོད་སྨད་གདུལ་བྱ་གང་འཐད་གཟིགས་གསུང་བ། །སྟོད་ཕྱོགས་འཐད་པར་དགོངས་ནས་སྤྱན་དྲངས་བྱོན། །བསྟན་པ་དར་རྒྱས་གདུལ་བྱ་སྨིན་གྲོལ་མཛད། །ཅེས་གསུངས་སོ། །དེ་ཡང་ཞིབ་ཏུ་བཤད་ན་གློ་བོར་ལན་གསུམ་ཕེབས་པའི་དང་པོ་ས་སྐྱ་ནས་ཡིན་ཅིང༌། ཕྱི་མ་གཉིས་ཨེ་ཝཾ་ནས་ཡིན་ནོ། །དེ་ཡང་སྟོད་ཕྱོགས་སུ་ཕེབས་པའི་ལུང་བསྟན་བྱུང་ཚུལ་ནི། སྔར་བཤད་པ་ལྟར་འཆད་ཉན་ཆག་དོགས་དང༌། ཁྱད་པར་ལོ་ཙཱ་བ་ངག་དབང་གིས་མངའ་རིས་སུ་ཕྱིན་ཀྱང་ཕན་ཐོགས་མི་འོངས་པའི་རྒྱུ་མཚན་ཞུས་ནས་སྟོད་ཕྱོགས་སུ་མི་ཕེབས་པའི་ཐུགས་ཐག་ཆོད། གློ་བོ་ཕྱོགས་སུ་ཡིག་ལན་མཛད་པར་དགོངས་པའི་ནུབ་མོ་མནལ་ལམ་དུ་མངའ་རིས་ལ་འགྲོ་ཟེར་ནས་ཟི་ཐང་གི་ཐད་ཀ་ལ། གདུགས་དཀར་པོ་བཅུ་གསུམ་གཅིག་ཞོ་ལེ་བྱས་འདུག་གསུངས། ཐམས་ཅད་གསེར་ཏོག་དང་བཅས་པ་འཛིན་མཁན་མེད་པར་འགྲོ་བ་རྨིས། དེ་ནས་ཡར་ཕེབས་པར་དགོངས་སོ། །འདི་གདན་ས་པ་གདུགས་ཐོག་བཅུ་གསུམ་འབྱུང་བའི་རྟགས་སུའང་གསུངས། དེའང་སྤྱན་འདྲེན་པ་གློ་བོ་སྡེ་པ་བསྟན་པའི་སྦྱིན་བདག་ཆེན་པོ་དགེ་སྦྱོང་