R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༣༥
[A:༥༣༥]གཟིགས་པའི་ཏིང་ངེ་འཛིན་ལ་སོགས་པའི་སྒོ་དུ་མ་ལ་མངའ་བརྙེས་ཏེ། དེའི་སྟོབས་ཀྱིས་གདན་ས་ཆེན་པོ་དང༌། སྡེ་པ་འགའ་རེ་ལ་མ་འོངས་ལུང་བསྟན་དང༌། ཐ་ན་གྲྭ་བ་ཕལ་པ་འགྲོ་འདུག་བྱེད་པའི་ལུང་བསྟན་ཞུས་པ་ཡང་ཇི་ལྟར་ལུང་བསྟན་པ་ལྟར་ཐོག་ཏུ་བབས་པ་ལ་སོགས་པ་མ་འོངས་ལུང་བསྟན་པ་ཡང་མཐའ་ཡས་སོ། །མདོར་ན་རང་དང་དུས་མཉམ་པའི་དགེ་བའི་བཤེས་གཉེན་དུ་མས་ཞབས་བསྟེན་ཅིང༌། རང་རང་གི་ཤེས་འདོད་དང་མཐུན་པར་དམ་ཆོས་བདུད་རྩིའི་དགའ་སྟོན་ལ་སྤྱོད་པར་བྱས་ནས་མཁས་མང་ཐམས་ཅད་ཀྱི་གཙུག་གི་ནོར་བུའི་རྒྱན་དམ་པར་གྱུར་པ་ཡིན་ནོ། །བསྟན་པ་ལ་ཕན་པའི་སྦྱིན་བདག་སྟོབས་ལྡན་བྱུང་བ་ནི། རབ་ཏུ་བྱུང་བ་དགེ་ཚུལ་གྱི་སྡོམ་པ་དང༌། དབུ་མ་ལུགས་ཀྱི་སེམས་བསྐྱེད། གུར་རིགས་བསྡུས། བདེ་མཆོག །ཀྱེ་རྡོར་སོགས་ཀྱི་དབང་བསྐུར་དུ་མ་དང༌། རྩ་རྒྱུད་བརྟག་གཉིས་བཤད་པ། དུས་འཁོར་འགྲེལ་ཆེན་དྲིལ་བུ་རིམ་ལྔ་སོགས་ཁྲིད་བཀའི་ལུང་ལ་སོགས་པ་དུ་མས་རྗེས་སུ་བཟུང་བ། གུ་གེ་ཆོས་ཀྱི་རྒྱལ་པོ་དང༌། གཞན་ཡང་མངའ་རིས་རྫོང་ཀའི་རྒྱལ་པོ། ཧོར་སེ་ཆེན་གྱི་བརྒྱུད་པ་ལེགས་རིན། དབུས་ཀྱི་གོང་མ་ཆེན་པོ་གྲགས་པ་འབྱུང་གནས། ཁམས་གོ་འཇོའི་བདག་པོ། གླིང་དཔོན་ཆེན་རིན་སྤུངས་པ། ཤར་རྒྱལ་མཁར་རྩེའི་བདག་པོ། ཆུ་འདུས་སྡེ་པ་སྒྲོལ་སྙོན་དུ་གྲགས་པ་སོགས་མང་དུ་བྱུང་ཞིང༌། རྗེ་འདིས་འཆད་ཉན་མཛད་ནས་ཕྲིན་ལས་བསྐྱངས་ན་བསྟན་འགྲོ་ལ་ཕན་ནམ། རྩེ་གཅིག་ཏུ་སྒྲུབ་པ་བྱས་ན་ལེགས་ཐུགས་དམ་བརྟག་པར་མཛད་པས་འཆད་ཉན་དང་ཕྲིན་ལས་བསྐྱངས་པ་ལུང་བསྟན་གཟིགས་ཏེ། དེ་སྐད་དུ། དབོན་པོ་ཨ་ཙ་ར་ཞེས་ཀྱང་བྱ། དབོན་པོ་ནམ་མཁའ་བློ་གསལ་ཞེས་ཀྱང་བྱ། མ་ཏི་ཙི་ཏྲ་ཞེས་ཀྱང་བྱ། གུ་གེ་པཎ་ཆེན་ཞེས་ཀྱང་བྱ་བ་མཚན་གྱི་རྣམ་གྲངས་དུ་མ་དང་ལྡན་པ་དེའི་བསྟོད་པ་མཛད་པ་ལས། མདོར་ན་ཁྱོད་ཀྱིས་