R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༣༨
[A:༥༣༨]ནས་མ་ཕྱི་བཙལ་ནས་ཚང་བར་བཞེངས། རྒྱས་པར་རྗེས་མཛད་པའི་བཀའ་འགྱུར་དཀར་ཆག་ཏུ་བལྟ། དཀྱིལ་ཁང་དུ་བཀའ་འགྱུར་ལྷ་ཁང་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་སོགས་ལོགས་རིས་ལ་བཞེངས། སྟེང་ཆེན་འདུལ་གྲྭར་ཆོས་སྡེ་བཙུགས། གཙུག་ལག་ཁང་བཞེངས། དགེ་འདུན་བརྒྱ་ཕྲག་ལ་རྒྱུན་གྱི་འཚོ་བ་བཙུགས། འདུལ་བ་དང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་བཤད་པ་གཙོ་བོར་མཛད། བྲག་དཀར་གྱི་ཆོས་སྡེ་ཐེག་ཆེན་དར་རྒྱས་གླིང་བཏབ་ཅིང་ལྷ་ཁང་གི་གཞི་བཏིང༌། རབ་བྱུང་བསྙེན་རྫོགས་གྲངས་མང་པོ་ལ་སོགས་པ་ལམ་ཐུན་མོང་བའི་སྒོ་ནས་གདུལ་བྱ་མང་པོ་སངས་རྒྱས་ཀྱི་བསྟན་པ་ལ་བཀོད། བསྟན་པའི་སྦྱིན་བདག་ཨ་མེ་དཔལ་ཡང་རབ་ཏུ་བྱུང་སྟེ་མཚན་བཟང་པོ་རྒྱལ་མཚན་དུ་བཏགས། ཁོང་རབ་བྱུང་མ་མཛད་གོང་གི་སྲས་ཆོས་རྒྱལ་ཨ་མགོན་བཟང་པོ། དེའི་སྲས་ཚངས་པ་བཀྲ་ཤིས་མགོན་དང་གློ་བོ་མཁན་ཆེན་སོགས་ཡིན་ནོ། །ལན་བར་མ་ཕེབས་དུས་ནི་འབྲུག་ལོ་སྟེ་དེ་དུས་ཀྱང་མུས་ཆེན་ངོར་དུ་སྤྱན་དྲངས། ལམ་འབྲས་སོགས་གསུངས། རྗེ་ཉིད་ཀྱིས་གློ་བོར་བྱོན། ཕྲེང་བའི་དབང་དང་ཟུར་བཀའ་འགའ་ཞིག །ས་སྐྱ་བཀའ་འབུམ་གྱི་ལུང༌། སྦྱོང་རྒྱུད་ཀྱི་བཤད་པ་ལ་སོགས་ཆོས་ཀྱི་འཁོར་ལོ་མང་དུ་བསྐོར་ཞིང༌། སྦྱིན་བདག་ཆེན་པོ་ལ་སོགས་པ་མང་པོ་བསྙེན་པར་རྫོགས་པར་མཛད་ཅིང༌། སྐལ་པ་དང་ལྡན་པའི་གདུལ་བྱ་འགའ་ལ་ལམ་འབྲས་ཀྱི་ཁྲིད་ལ་སོགས་པ་ཐུན་མོང་མ་ཡིན་པ་ཡང་གསུངས། སྦྱིན་བདག་ཆེན་པོ་ལ་ཀྱེ་རྡོར་གྱི་མངོན་རྟོགས་ཁྱད་འཕགས་ཞིག་མཛད་ནས་གནང་འདུག་སྟེ་བཀའ་འབུམ་དུ་མ་ཚུད་ཡོད་དོ། སྔར་གྱི་བཀའ་འགྱུར་བཞེངས་པའི་ཞལ་ད་ཡང་མཛད། གསེར་རྐྱང་གིས་བཀའ་འགྱུར་གྱི་དབུ་བཙུགས། རྣམ་རྒྱལ་ཆོས་སྡེ་གསོ་བ་སོགས་མཛད། གཞན་ཡང་དགེ་སྦྱོང་ཆེན་པོས་ཆོ་འཕྲུལ་ཟླ་བར་སྒྲུབ་མཆོད་བཙུགས་པའི་བདག་རྐྱེན། ས་དཀར་ནས་ཞིང་ཁལ་བརྒྱའི་ས་དང༌། རྦད་མང་པོ་བཙུགས་