R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༣༩
[A:༥༣༩]བླ་མ་རྗེས་རྒྱུད་སྡེ་སོ་སོ་ནས་གསུངས་པའི་དཀྱིལ་འཁོར་ལྔ་བཅུ་ང་བདུན་ཙམ་གྱི་དབང་བཀའ་གནང༌། དེ་དག་གི་སྒྲུབ་ཐབས་དཀྱིལ་ཆོག་རྣམས་ཀྱི་ཡིག་ཆ་གང་དང་གང་གི་ཐོ་ཚེ་དང༌། ཉེ་བར་མཁོ་བ་སྦྱིན་སྲེག་སོགས་ཕྱག་ལེན་རྣམ་པར་དག་པ། དགོན་སྡེ་སོ་སོའི་དགེ་འདུན་རྣམས་ལ་གནང་ཞིང༌། སྒྲུབ་དཀྱིལ་གང་བྱེད་སོགས་ཀྱི་དྲིལ་ཆེན་པོ་མཛད་དོ། །ད་ལྟ་མངའ་རིས་སྐོར་གསུམ། དབུས་གཙང་ཁམས་གསུམ་ན་སྒྲུབ་མཆོད་ཀྱི་ཕྱག་ལེན་གཙང་མ་རྣམ་པར་དག་པ་ནི་གློ་བོ་ཁོ་ན་ཡིན་པར་འདུག་ཅེས་གྲགས་པ་ལྟར་གྱི་དོན་དང་ཡང་མཐུན་པར་སྣང་ལགས་སོ། །ལན་བར་མའི་སྐབས་འདིར་བཞི་སྡེ་པ་དྲུང་ནམ་རྩེས། གུ་གེ་རྒྱལ་པོ་ཁྲི་ནམ་མཁའི་དབང་པོ་དང་བཀའ་བགྲོས་ཏེ། གུ་གེའི་མཁན་ཆེན་ཆོས་ཉིད་སེང་གེ་དཔོན་སློབ་རྣམས་གདན་འདྲེན་པར་བརྫངས། ཆོས་རྗེ་རིན་པོ་ཆེ་དཔོན་སློབ་བརྒྱ་ཙམ་ཞིག་པུ་ཧྲངས་སུ་སྤྱན་དྲངས། རྒྱལ་དེ་འུར་ཟླ་བ་གསུམ་གྱི་བར་བཞུགས། གུ་གེ་ནས་བླ་མ་སྤྲུལ་སྐུ་བ་སོགས་དང༌། པི་ཏི་ནས་མཁན་པོ་རིན་བསོད། མར་ཡུལ་བའི་དགེ་བཤེས་འགའ་སོགས་པུ་ཧྲངས་དང་བཅས་པའི་དགེ་འདུན་མང་པོ་ལ། དུས་འཁོར་མཁའ་འགྲོ་རྒྱ་མཚོ་གུར་རིགས་བསྡུས་སོགས་ཀྱི་དབང་གནང༌། ཉ་རྩེ་རིག་ཏུ་དུས་འཁོར་སྒྲུབ་མཆོད། བཞི་སྡེ་རུ་མཁའ་འགྲོ་རྒྱ་མཚོའི་སྒྲུབ་མཆོད་བཙུགས། བརྟག་གཉིས། སྦྱོང་རྒྱུད། དུས་འཁོར་འགྲེལ་ཆེན་སོགས་ཀྱི་བཤད་བཀའ། གཞན་ཡང་འགྲོ་བ་མང་པོ་ལ་སེམས་བསྐྱེད་ཆེན་པོ་བློ་སྦྱོང་སོགས་ཆོས་འཁོར་རྒྱ་ཆེན་པོ་བསྐོར། གུ་གེ་རྒྱལ་པོ་རབ་ཏུ་བྱུང་ཞིང་ཆོས་སྡེ་ཆེན་པོ་གསར་དུ་བཙུགས། དེའི་ཚེ་བསྟན་རྩིས་ཁྱད་པར་ཅན་མཛད་པའང་ཡོད་དོ། །ཁ་ཆར་ཇོ་བོའི་དྲུང་དུ་མར་མེའི་ཕྲེང་བ་གྲངས་མེད་པ་ཕུལ་ནས་སངས་རྒྱས་ཀྱི་བསྟན་པ་དར་བའི་སྨོན་ལམ་མཛད། སྐྱིད་གྲོང་དུ་ཡང་དེ་ལྟར་མཛད་དོ། །དེ་ནས་ཐེང་གསུམ་གྱི་རྗེས་མ་ཡོས་ལོ་ལ། བསྟན་པའི་སྦྱིན་བདག་ཆེན་པོ་ཨ་མགོན་བཟང་པོས་སྤྱན་